༄༅། །གཟུངས་སྔགས་མ་ཎི་ཡི་གེ་དྲུག་མ་འདི་ནི། འཕགས་པ་ཐུགས་རྗེ་ཆེན་པོའི་གཟུངས་སྔགས་ཡིན། དེ་ཡང་ལེགས་སྦྱར་ལྷའི་སྐད་དུ་ཨ་ཝ་ལོ་ཀན་ཞེས་པ་རྐན་རས་གཟིགས་དང༌། ཨིཤ་ཝར་ཞེས་པ་དབང་ཕྱུག་ལ་འཇུག་པས་སྤྱན་རས་གཟིགས་དབང་ཕྱུག་ཅེས་བྱ་བ་ཡིན། དེ་ལ་རྐན་རས་གཟིགས་ཞེས་པས་ཇི་ལྟར་གཟིགས་ཞེ་ན། པདྨའི་རྐན་གྱིས་ཏེ། སེམས་ཅན་ཀུན་ལ་བྱམས་བརྩེ་དང་ཐབས་ཤེས་གཉིས་ཀྱི་སྒོ་ནས་གཟིགས་པ་ཡིན། གཟུངས་སྔགས་དེར་འགྲེལ་བརྗོད་མང་པོ་ཡོད་ཀྱང༌། སྐབས་འདིར་ཚིག་དང་ཡི་གེའི་སྒོ་ནས་ཅུང་ཟད་སྤྲོས་ན།

 དེ་ལ་ཚིག་བཞི་དང་ཡི་གེ་དྲུག་ཡོད། དང་པོ་ཚིག་གི་སྒོ་ནས་འཆད་པ་ལ། ཡིག་འབྲུ་ཨོཾ་འདི་ལ་ཡི་གེ་ཨ་ཨུ་མ་གསུམ་ཡོད་པས། མཉམ་དུ་སྡོམ་པའི་ཚེ་ཨུ་ཨོ་རུ་གྱུར་བས་ཨོཾ་ཞེས་གྱུར་བ་དང༌། དེ་གསུམ་གྱིས་སངས་རྒྱས་སྟོང་གི་སྐུ་གསུང་ཐུགས་ཀྱི་སྙིང་པོ་མཚོན་པ་ཡིན། ཨོཾ་ཞེས་པའི་ཚེ་ཡི་གེ་གསུམ་ག་ཅིག་ཅར་དབྱེར་མེད་དུ་བརྗོད་པས། འཕགས་པ་ཐུགས་རྗེ་ཆེན་པོ་འདི་ཉིད་སངས་རྒྱས་སྟོང་གི་སྐུ་གསུང་ཐུགས་ཀྱི་རང་གཟུགས་དབྱེར་མེད་ཡིན་པར་མཚོན་ནུས་པ་ཡིན། དེ་ཉམས་སུ་ལེན་པས་ཕྱི་མར་རང་གི་མ་དག་པའི་ལུས་ངག་ཡིད་གསུམ་དེ་ཐུགས་རྗེ་ཆེན་པོའི་སྐུ་གསུང་ཐུགས་ཀྱི་རང་བཞིན་དབྱེར་མེད་དུ་འགྱུར་རོ།།

 

མ་ཎི་ཞེས་པའི་དོན་དེ་ནོར་བུ་ལ་འཇུག་པ་དང༌། སྙིང་དོན་ནི་འཕགས་པ་ཐུགས་རྗེ་ཆེན་པོ་འདི་ཉིད་ཀྱི་ཐུགས་ཀར་ཕན་བདེའི་འབྱུང་གནས་བྱམས་བརྩེ་དང་སྙིང་རྗེ་སྟེ། སེམས་ཅན་ཐམས་ཅད་ཀྱི་དགོས་འདོད་རེ་བ་སྐོང་ནུས་པའི་ཡང་དག་པའི་ནོར་བུ་དང་ལྡན་ཅིང༌། དེའི་མཚོན་དོན་དུ་ཐུགས་ཀར་ཕྱག་གཉིས་ཀྱིས་ནོར་བུ་འཛིན་པ་ཡིན། དེས་ནི་ཐབས་ཀྱི་ཆ་མཚོན་པ་ཡིན་ནོ།།

 པདྨེ་ཞེས་པས་མེ་ཏོག་པདྨ་ལ་འཇུག་པ་དང༌། ཕྱག་གཡོན་པར་མེ་ཏོག་པདྨ་འཛིན་པས་ཕྱག་ན་པདྨ་ཞེས་དང༌། དེའི་མཚོན་དོན་ནི་མགོན་པོའི་ཐུགས་ཀྱི་ཉི་མའི་འོད་ཟེར་ཤར་བ་ན། བདག་སོགས་སེམས་ཅན་རྣམས་ཀྱི་སྙིང་གའི་མེ་ཏོག་བཞད་པ་དང༌། ཡིད་མཁའི་མུན་པ་གསལ་བ་སོགས་མདོར་ན་ཆོས་ཀྱི་རང་བཞིན་གསལ་པོར་སྟོན་ནུས་ཤིང། ཞི་བ་དང་རྣམ་པར་དག་པའི་ཁྱད་པར་དང་ལྡན་པས། དེས་ནི་ཤེས་རབ་ཀྱི་ཆ་མཚོན་པ་ཡིན།

 

ཧཱུྃ་ཞེས་པས་ཐུགས་རྗེ་ཆེན་པོའི་ཡོན་ཏན་མངོན་པར་གྲུབ་ནུས་པ་དང༌། དེ་ཡང་ཐབས་ཤེས་ཟུང་དུ་འབྲེལ་བའི་སྒོ་ནས་གྲུབ་ནུས་པ་བསྟན་ཅིང༌། དེའི་མཚོན་དོན་དུ་ཕྱག་གཡས་པར་ཤེལ་དཀར་གྱི་ཕྲེང་བ་འཛིན་པས་ལྷག་བསམ་རྣམ་པར་དག་པ་མཚོན་ནུས་ཤིང༌། མདོར་ན་ཤེལ་དཀར་གྱིས་ཤེས་རབ་ཀྱི་ཆ་དང༌། ཕྲེང་རྒྱུད་ཀྱིས་ཐབས་ཀྱི་ཆ་མཚོན་ནུས་པ་ཡིན།

 

གཉིས་པ་ཡི་གེའི་སྒོ་ནས་འཆད་པ་ལ།