༡༨༢༽ ༄། །ཏིང་འཛིན་རྫོགས་པའི་གདམས་ངག་ཨོཾ་གྱིས་ཡེ་ཤེས་ལས་རྫོགས།།  དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱག་ན་རྡོ་རྗེ་ལ་འདི་སྐད་ཅེས་བཀའ་བསྩལ་ཏོ། །ཕྱག་ན་རྡོ་རྗེ་རས་སམ་རྩིག་པ་ལ་སོགས་པ་ལ་གཟུགས་བརྙན་བསྒྲུབ་པ། དམིགས་པ་གང་གིས་གསང་སྔགས་འཆབ་རྣམས་ཀྱི་ཡེ་ཤེས་རྫོགས་པར་འགྱུར་ཞིང༌། ཡེ་ཤེས་རྫོགས་པས་སངས་རྒྱས་ཉིད་བདེ་བླག་ཏུ་ཐོབ་པར་འགྱུར་ན། དངོས་གྲུབ་གཞན་ལྟ་སྨོས་ཀྱང་ཅི་དགོས་པའི་གསང་སྔགས་ཀྱི་ཏིང་ངེ་འཛིན། གསང་ཆེན་བཤད་པར་བྱས་ཉོན་ཅིག ཨོཾ་གྱིས་ཡེ་ཤེས་ལས་བསྒྲུབས་པ། །རྒྱལ་ཆེན་རྣམ་པར་སྣང་མཛད་དང༌། །སངས་རྒྱས་བྱང་ཆུབ་སེམས་རྣམས་དང༌། །རིགས་ཀྱི་ལྷ་མོ་ཡུམ་རྣམས་དང༌། །ཁྲོ་བོ་འཇིག་རྟེན་འདས་པ་དང༌། །འཇིག་རྟེན་པ་ཡི་ལྷ་རྣམས་ཀུན། ། སྟོན་པས་རྒྱུད་ལས་གསུངས་པ་ལྟར། །བྲིས་ནས་བསྒོམ་ན་ཏིང་འཛིན་རྫོགས། །བདག་གི་བླ་མ་དམ་པ་ཡིས། །རབ་གནས་ཤིན་ཏུ་གཅེས་ཞེས་གསུངས། །རང་གི་རྣམ་པར་རྟོག་པ་ལ། །སྤྲུལ་སྐུ་བདག་ཉིད་ཆེན་པོ་རྣམས། ། མཁྱེན་བརྩེ་སྒྲིབ་པ་མི་མངའ་བས། །བཞེངས་པའི་ལྷ་ས་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱིས། །ཏིང་འཛིན་ཡོན་ཏན་བསྐྱེད་དམ་སྙམ། །སྟོན་པའི་གསུང་བཞིན་སྒྲུབ་པ་རྣམས། །སྟོན་པའི་གསུང་བཞིན་ནན་ཏན་བྱ། །དངོས་གྲུབ་འགྲུབ་པར་ཐེ་ཚོམ་ མེད།།    །།