༡༨༣༽ ༄། །དད་པ་རྣམ་པ་གསུམ་གྱི་གདམས་ངག་དད་པའི་དཔེ་བསྟན་པ།།  ཨ་རེ་འདོད། ཨ་རེ་འདོད། ཉམས་ལེན་མེད་པའི་ཚིག་རྐྱང་ལ་སྭ་ཧཱ། །ཞེས་པ་ནི་དགེ་བཤེས་སྟག་སྟོན་གྱི་སྔགས་སོ། །དད་ཅན་ཡིན་ཕྱིར་ཆོས་ལ་བརྟེན། །ཤེས་རབ་ལྡན་ཕྱིར་ཡང་དག་རིག །འདི་གཉིས་གཙོ་བོ་ཤེས་རབ་སྟེ། །འདི་ཡི་སྔོན་འགྲོ་དད་པ་ཡིན། །སློབ་དཔོན་འཕགས་པ་ཉིད་ཀྱིས་གསུངས། །རིན་པོ་ཆེ་ཡིས་བཀའ་བསྩལ་པ། །མངོན་པར་ཇི་ལྟར་གསུངས་པ་བཞིན། །དང་དང་འདོད་དང་ཡིད་ཆེས་པའི། །དད་པ་རྣམ་པ་གསུམ་ཡིན་ཏེ། །དང་པོ་དང་བའི་དད་པ་ནི། །བླ་མ་དཀོན་མཆོག་རྟེན་སོགས་ལ། །དང་བའི་དད་པ་སྐྱེ་བར་བཞེད། །དད་པ་འདི་ནི་མི་བརྟན་ཏེ། །ཆུ་ལ་རི་མོ་བྲིས་པ་འདྲ། །བླ་མ་དམ་པའི་ཞབས་དྲུང་དུ། །འབུལ་བ་བསྙེན་བཀུར་ཞབས་ཏོག་གིས། །མཉེས་པར་བྱེད་ཅིང་ངོ་མཚར་ཡང༌། །ཚིག་ངན་སུན་ཅིག་ཁམ་གང་གིས། །དེ་མ་ཐག་ཏུ་མེད་ནས་འགྲོ། །ཆུ་ལ་རི་མོ་འདི་རེ་མད། །འདོད་པའི་དད་པ་གང་ཞེ་ན། །མཚན་ཉིད་ལྡན་པའི་བླ་མ་ལས། །དཀོན་མཆོག་གསུམ་གྱི་ཡོན་ཏན་ཐོས། །དེ་ལ་འདོད་པའི་བློ་སྐྱེས་པས། །རྟག་ཏུ་ངུ་དང་ནོར་བཟང་བཞིན། །ལུས་དང་སྲོག་ལ་མི་བལྟ་བར། །བསྒྲུབ་བྱ་སངས་རྒྱས་ཐོབ་པའི་ཐབས། །དམ་ཆོས་རྒྱ་མཚོ་འཚོལ་བ་འདི། །ཞེ་འདོད་དྲག་པོས་གདུངས་པ་ཡིན། ། གནམ་ལྕགས་ཐོག་གི་ཆར་བབས་ཅིང༌། །མནར་མེད་དམྱལ་བར་སོང་ན་ཡང༌། །ཞེ་འདོད་དྲག་པོས་གདུངས་པ་དེས། ། རང་གི་ཞེ་འདོད་མི་གཏོང་བ། །སྙིང་སྟོབས་ཅན་གྱི་སྤྱོད་ཡུལ་ཡིན། །ང་ཡི་གཅེས་སེ་དགེ་འདུན་རྣམས། །དང་པོ་ཞེ་འདོད་མི་མངའ་བས། །དབུ་བསྙུང་ཞབས་བསྙུང་ཐུགས་མི་འགྲོ། །ང་ལ་དེ་ཟེར་ཞོག་ལ་ཐོང༌། །གཏི་མུག་མུན་པས་ལྡོངས་པའི་ཕྱིར། །ཨ་བོ་གཅེས་སོ་ཤིན་ཏུ་བདེན། །དད་པ་འདི་ཡི་དཔེ་བསྟན་པ། །ས་ལ་རི་མོ་བྲིས་པ་འདྲ། །བཀའ་སྩལ་གསུང་བ་འདི་རེ་མད། །བརྒྱ་ལ་གལ་ཏེ་བརྟུལ་ཞུགས་ཅན། །མཐོ་དམན་ཕྱོགས་བཅུ་གང་དུ་ཡང༌། །མི་བལྟ་བརྟུལ་ཞུགས་འཛིན་པ་དེས། །འདོད་པའི་དོན་ལ་རོ་མྱོང་བ། །ཁྱེད་ཀྱི་པ་ཕ་རྗེ་བཙུན་གྱི། །ཟླ་དགུ་མཐའ་མའི་ཚིག་གི་དོན། །ཉམས་སུ་མྱོང་ན་མན་ངག་ཡིན། །ཤིན་ཏུ་ཟབ་པའི་གདམས་ངག་འདི། །རང་གི་བུ་ལ་མི་སྟོན་ན། །གཞན་ལ་ཕོད་པ་ག་ལ་སྲིད། །སྙིང་རྗེ་ཕུལ་བྱུང་བཅོམ་ལྡན་འདས། །ཤཱཀྱའི་རྒྱལ་པོ་ཆེན་པོ་ཡིས། །རང་གི་ཐུགས་སུ་ཆུད་པའི་ཆོས། །ཟབ་ཞི་སྤྲོས་བྲལ་འོད་གསལ་བ། ། འདུས་མ་བྱས་པ་བདུད་རྩིའི་ཆོས། །སུ་ལ་བསྟན་ཀྱང་མི་ཕན་པས། །ནགས་ཀྱི་ནང་དུ་གནས་བྱ་ཞེས། ། བཀའ་སྩལ་གསུངས་པར་གྱུར་པ་འདི། །བདེན་དོན་ཐུགས་སུ་ཆུད་པ་ཡི། །བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས། །ཡིད་ཆེས་འགྱུར་བ་མེད་པ་ཡི། །རྡོ་རྗེའི་བྲག་ལ་བྲིས་པ་ཡི། །དཔེ་ཡིས་ལེགས་པར་མཚོན་གྱུར་པ། །ཡིད་ཆེས་སྐྱེས་པའི་དད་པ་ལ། །འགྱུར་བ་མེད་པའི་འདི་རེ་མད། །སྐུ་ཁམས་དྭངས་པའི་དུས་སུ་མཛད་པའོ།། །།