༄༅། །ཟབ་ལམ་ནཱ་རོའི་ཆོས་དྲུག་གི་ཁྲིད་ཀྱི་ལག་ལེན་གསལ་བར་བཤད་པ་ནཱ་རོ་ཞབས་ཀྱི་ཞལ་གྱི་ལུང་བཟང་པོ་ཞེས་བྱ་བ་བཞུགས་སོ། 

ཟབ་ལམ་ནཱ་རོའི་ཆོས་དྲུག་གི་ཁྲིད་ཀྱི་ལག་ལེན་གསལ་བར་བཤད་པ་ནཱ་རོ་ཞབས་ཀྱི་ཞལ་གྱི་ལུང་བཟང་པོ་ཞེས་བྱ་བ། རྩ་བའི་བླ་མ་རྡོ་རྗེ་འཆང་ཆེན་པོ་དང་རྗེ་བཙུན་འཇམ་པའི་དབྱངས་ཐ་མི་དད་པ་ལ་གུས་པ་ཆེན་པོས་ཕྱག་འཚལ་ལོ། །བདེ་སྟོང་ཟུང་འཇུག་མཆོག་གི་གཏུམ་མོ་ཨེ་ཝཾ་རང་བཞིན་ལྷུན་གྲུབ་དངོས། །གཅིག་དང་དུ་མའི་མཐར་འཛིན་སྤངས་ཀྱང་རྣམ་ཀུན་མཆོག་ལྡན་འོད་གསལ་སྐུ། །སྒྲ་དང་སྒྲ་མིན་བརྗོད་པ་རྣམ་བྲལ་གཞོམ་མེད་ནཱ་དའི་རང་བཞིན་དབྱངས། །རྣམ་དག་འཇའ་ཚོན་སྒྱུ་མའི་གར་མཁན་ཡན་ལག་བདུན་ལྡན་ལ་ཕྱག་འཚལ། །ཉི་ཟླའི་འཕོ་བ་སྲོག་རྩོལ་ཟག་བཅས་ཁམས། །དྷཱུ་ཏིར་སྒྲ་གཅན་སྲེག་ཟའི་ཟ་ཕོད་ཀྱིས། །སྦྱངས་ཏེ་ཟུང་འཇུག་རྡོ་རྗེའི་སྐུ་བརྙེས་པ། །གྲུབ་ཆེན་ནཱ་རོའི་ཞབས་ལ་མགོས་ཕྱག་འཚལ། །རང་བཞིན་རྣམ་དག་དངོས་པོའི་གནས་ལུགས་གང༌། །བདེ་སྟོང་ཟུང་འཇུག་ལམ་གྱི་བྱེད་བཅིངས་གིས། །སྐལ་ལྡན་དག་པའི་ས་ལ་རྟག་འགོད་པ། །བརྒྱུད་པའི་བཤེས་གཉེན་རྣམས་ལ་བདག་ཕྱག་འཚལ། །རྒྱལ་བ་ཡན་ལག་བདུན་ལྡན་ཁྱོད་ནི་འགྲོ་བློའི་མཁའ་ལ་སྒྱུ་མའི་གར། །ཇི་ལྟར་ཆུ་སྣོད་དྭངས་པ་རྣམས་སུ་རི་བོང་འཛིན་པའི་གཟུགས་བརྙན་ལྟར། །སྙིགས་དུས་གདུལ་བྱའི་མིག་གི་ལམ་དུ་དམ་པ་མཆོག་གི་ཚུལ་བཟུང་བ། །རྩ་བའི་བླ་མ་(བི་ད་ར་ཎ་སམྤནྣ་)རྡོ་རྗེ་འཆང་དབང་བདག་སྙིང་པདྨོར་རྟག་ཏུ་མཆོད། །གསང་ཆེན་རྡོ་རྗེའི་ཐེག་མཆོག་རྒྱུད་རྣམས་སུ། །ལན་གཅིག་མིན་པར་ཡང་ཡང་གསུངས་པ་ཡི། །ཟབ་དོན་རྫོགས་པའི་རིམ་པ་ཆེས་ཟབ་པ། །ནཱ་རོ་ཞབས་ཀྱི་བཞེད་སྲོལ་བདུད་རྩིའི་དཔྱིད། །ལྷོ་བྲག་མར་སྟོན་ཆེན་པོར་གང་བབ་པ། །བོད་འདིར་འགའ་འགའ་མཆིས་པའི་སྙིང་པོ་རྣམས། །ཚིག་ཉུང་དོན་ཚང་འགག་དོན་གནད་བསྡུས་པ། །ཁོ་བོས་བཤད་ཀྱི་གཟུར་གནས་སྐལ་པ་ཅན། །དོན་གཉེར་མཆིས་ན་རྣ་བ་བླགས་ཏེ་ཉོན། །གལ་ཏེ་ཉེས་བརྒྱའི་ཁུར་གྱིས་རབ་ནོན་པའི། །ཕྲག་དོག་བརླང་པོའི་བློ་ཅན་ཡོད་སྲིད་ན། །རབ་རིབ་ཅན་གྱི་མིག་སྔར་སྐྲ་ཤད་དག །རང་ཉིད་ཁོ་ནའི་སྐྱོན་ཡིན་གཞན་དུ་ཅི། །འདིར་གང་བཤད་པར་བྱ་བའི་ཆོས་ནི་ཟབ་ལམ་ནཱ་རོའི་ཆོས་དྲུག་ཏུ་གྲགས་པ་ཉིད་ཡིན་ལ། དེ་ལའང་གཉིས། བླ་མ་བརྒྱུད་པའི་རིམ་པ་དང༌། དེ་ལས་བྱུང་བའི་གདམས་པའོ། །དང་པོ་བླ་མ་བརྒྱུད་པའི་རིམ་པ་ལའང་གཉིས། བཀའ་བབ་ཉམས་ཀྱི་བརྒྱུད་པ་དང༌། རྟོགས་པ་བྱིན་རླབས་དོན་གྱི་བརྒྱུད་པའོ། །དང་པོ་བཀའ་བབ་ཉམས་ཀྱི་བརྒྱུད་པ་ནི། དཔལ་འཁོར་ལོ་སྡོམ་པ་མིའི་སྲིད་པའི་གཟུགས་ཀྱིས་འགྲོ་བའི་དོན་མཛད་པའི་ཏིལླི་ཤེས་རབ་བཟང་པོ་ཞེས་བྱ་བ་དེ་ཉིད་ལ། རྒྱལ་བ་རྡོ་རྗེ་འཆང༌། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། འཕགས་མཆོག་ཀླུ་སྒྲུབ། མ་ཏཾ་གི་པ་རྣམས་ལས་རིམ་ལྔ་དང༌། འཕོ་བ་དང༌། གྲོང་འཇུག་གི་བཀའ་བབ། རྡོ་རྗེ་འཆང༌། ཕྱག་ན་རྡོ་རྗེ། ས་ར་ཧ། ལཱུ་ཧི་པ། ཌིངྒི་པ་རྣམས་ལས་ཕྱག་རྒྱ་ཆེན་པོའི་བཀའ་བབ། སུ་མ་ཏི་ཀུན་ཏུ་བཟང་མོ། ཀརྞ་རི་པ་རྣམས་ལས་གཏུམ་མོ་དང་བར་དོའི་བཀའ་བབ། ཌོཾ་བྷི་པ། བི་ན་ས། ལྭ་བ་པ། ཨིནྡྲ་བྷཱུ་ཏི་ཆུང་བ་ལ་སོགས་པ་རྣམས་ལས་འོད་གསལ་དང༌། རྨི་ལམ་དང༌། སྒྱུ་ལུས་ཀྱི་བཀའ་བབ། གཉིས་པ་རྟོགས་པ་བྱིན་རླབས་དོན་གྱི་བརྒྱུད་པ་ནི། གྲུབ་ཆེན་ཏིལླི་པ་ཉིད་ལ་ཁྱབ་བདག་རྡོ་རྗེ་འཆང་གིས་དངོས་སུ་རྗེས་སུ་བཟུང་ཞིང་དབང་དང་གདམས་པ་རྗེས་སུ་བསྟན་པ་ཡིན་ནོ། །གྲུབ་ཆེན་འདི་དག་གིས་གདམས་པ་མ་ལུས་པ་ཡོངས་སུ་རྫོགས་པར་བསྩལ་བ་ནི་གྲུབ་པའི་དབང་ཕྱུག་ནཱ་རོ་པཎ་ཆེན་ཛྙཱ་ན་སིདྡྷི་ཡིན་ལ། འདིས་གདམས་པ་དང་རྗེས་སུ་བསྟན་པ་མ་ལུས་པ་བསྩལ་ཏེ་དེ་ཉིད་ཀྱི་རྒྱལ་ཚབ་ཏུ་དབང་བསྐུར་བ་ནི་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ཡིན་ལ། དེ་ནས་རིམ་པ་བཞིན་མི་ལ་བཞད་པ་རྡོ་རྗེ། དྭགས་པོ་ཟླ་འོད་གཞོན་ནུ། འགྲོ་མགོན་རྡོ་རྗེ་རྒྱལ་པོ། འཇིག་རྟེན་གསུམ་གྱི་མགོན་པོ་རཏྣ་ཤྲཱི། དབོན་བསོད་ནམས་གྲགས་པ། གཅུང་རྡོ་རྗེ་གྲགས་པ། ཐོག་ཁ་བ་རིན་ཆེན་སེང་གེ། མཚམས་བཅད་པ་གྲགས་པ་བསོད་ནམས། བཅུ་གཉིས་རྡོ་རྗེ་རིན་ཆེན། ཉེར་བརྒྱད་པ་རྡོ་རྗེ་རྒྱལ་པོ། འཛམ་གླིང་ཆོས་ཀྱི་རྒྱལ་པོ། བཤེས་གཉེན་དོན་གྲུབ་རྒྱལ་པོ། ལྡོང་ལ་ཕྱི་བ་ནམ་མཁའ་རྒྱལ་མཚན། འདུལ་འཛིན་ངག་དབང་རྒྱལ་མཚན། སྟག་ལུང་ངག་དབང་གྲགས་པ། དབང་རིན་ཆེན་ཆོས་ཀྱི་རྒྱལ་པོ། རྒྱལ་དབང་ཀུན་དགའ་རིན་ཆེན། མཉམ་མེད་རིན་ཆེན་ཕུན་ཚོགས་ཆོས་ཀྱི་རྒྱལ་པོ། པཎ་ཆེན་དཔལ་གྱི་རྒྱ་མཚོ། རྗེ་བཙུན་དམ་པ་ཆོས་རྒྱལ་ཕུན་ཚོགས། རྩ་བའི་བླ་མ་ཁྱབ་བདག་རྡོ་རྗེ་འཆང་བི་ད་ར་ཎ་སམྤནྣ། དེ་ཉིད་ཀྱིས་བདག་ཆོས་ཀྱི་གྲགས་པ་ལ་བསྩལ་བ་ཡིན་ལ། (རྗེས་སུ་ཞལ་བསྐངས་པ། དཀོན་མཆོག་ཕྲིན་ལས་རྣམ་རྒྱལ། དཀོན་མཆོག་ཕྲིན་ལས་བཟང་པོ། ཕྲིན་ལས་དོན་གྲུབ་ཆོས་རྒྱལ། དཀོན་མཆོག་བསྟན་འཛིན་འགྲོ་འདུལ། ལྷོ་ཆོས་ཀྱི་རྒྱལ་མཚན། བསྟན་འཛིན་ཆོས་ཀྱི་ཉི་མ། བསྟན་འཛིན་པདྨའི་རྒྱལ་མཚན། བསྟན་འཛིན་ཆོས་ཀྱི་རྒྱལ་མཚན། ཁྲི་ཆེན་ཆོས་དབང་བློ་གྲོས། དཀོན་མཆོག་ཆོས་ཉིད་ནོར་བུ། དཀོན་མཆོག་ཐུགས་རྗེའི་ཉི་མ། ཨོ་རྒྱན་ནུས་ལྡན་རྡོ་རྗེ། རིན་ཆེན་བསྟན་པའི་རྒྱལ་མཚན། རྗེ་བཙུན་དཀོན་མཆོག་ཆོས་སྐྱབས། བསྟན་འཛིན་ཆོས་ཀྱི་བློ་གྲོས། ཐུབ་བསྟན་ཞི་བའི་བློ་གྲོས།) བརྒྱུད་པ་དེ་རྣམས་ཀྱང་རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར་དུ་མི་བར་ཁྱིས་མ་ཆོད། དམ་ཉམས་དང་འདྲེས་ཁྱེར་གྱི་སད་མ་ཕོག །རང་བཟོ་དང་གྱ་ཚོམ་གྱི་ལྷད་མ་ཞུགས། ཐལ་ཕྱིར་དང་ཁྱབ་སོགས་རྟོག་གེ་འཁྲུལ་བ་ཕྱོགས་གཅིག་པའི་བཤེས་གཉེན་རྣམས་ཀྱི་འཁྲུལ་བ་མགོ་འཁོར་ཡིན་རློམ་གྱི་རྣམ་བཤད་སྐྱོ་སྔོགས་དང་སྐྱར་འབྱིན་བརླང་པོས་ཀུན་ནས་བསླངས་པའི་བློས་རྒྱལ་བའི་གསུང་རབ་དྲི་མ་མེད་པའི་ཚིག་དོན་རྣམས་རང་བློ་འཁྲུལ་བའི་ལུང་རྒྱབ་ཏུ་འདྲེན་ཞིང༌། འཁྱོག་པོའི་རྣམ་གྲངས་དུ་མའི་གཏན་ཚིག་ལྟར་སྣང་ཉེ་ཚེ་བའི་རྣམ་བཤད། དེའང་དོན་མེད་དོན་ལོག་ངན་གཡོ་བརྩེ་བྲལ་ཐོས་རྩོད་ལྷུར་ལེན་ཏེ་མཚན་ཉིད་དྲུག་དང་ལྡན་པའི་བསྟན་བཅོས་ཀྱི་བྱེད་པོས་དེང་སང་དབུས་གཙང་གི་ལྗོངས་གང་བ་ལ་བསྟན་པ་དང༌། དེ་འཛིན་བཤེས་གཉེན་རྣམ་དག་ཏུ་ཁས་ལེན་པའི་གྱི་ན་བ་དག་གི་ངག་གི་ལམ་དུ་མ་དྲངས་པའི་རྡོ་རྗེའི་ཚིག་བརླིང་པོ་རྣམས་བརྒྱུད་པ་རྣམ་དག་དེ་རྣམས་ཀྱིས་ཐུགས་ཉམས་སུ་བཞེས་པས་ཉམས་རྟོགས་དཔྱིས་ཕྱིན་པ་བརྙེས་པ་དག་གཅིག་ནས་གཅིག་ཏུ་བརྒྱུད་པའི་སྙིང་པོའི་བསྟན་པ་དམ་པ་འདི་དག་གི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་ཚོང་དུས་ཀྱི་འོ་མ་ལྟར་མ་སོང་བ་ཁོ་ན་ཉིད་དོ། །གཉིས་པ་བརྒྱུད་པ་དེ་ལས་བྱུང་བའི་གདམས་པ་ནི་པཎ་ཆེན་ནཱ་རོ་པ་ཆེན་པོ་དང༌། མངའ་བདག་མར་པ་ལོ་ཙཱ་གཉིས་ཀྱིས་དཔལ་མེ་ཏོག་མདངས་འཕྲོག་གི་དགོན་པར་བསྒྱུར་བའི་རིམ་ལྔ་བསྡུས་པ་ལས། དངོས་པོའི་གནས་ལུགས་ལམ་དང་ནི། །འབྲས་བུ་སྐྱེ་བའི་རིམ་པའོ། །ཞེས་གསུངས་པ་ཉིད་ཡིན་ཏེ། དེ་ལའང་གསུམ། གཞི་དངོས་པོའི་གནས་ལུགས། ལམ་ཉམས་སུ་བླང་ཚུལ། འབྲས་བུ་སྐྱེ་བའི་རིམ་པ་དང་གསུམ་མོ། །དང་པོ་གཞི་དངོས་པོའི་གནས་ལུགས་བཤད་པ་ལ་གཉིས། ལུས་དངོས་པོའི་གནས་ལུགས། སེམས་དངོས་པའི་གནས་ལུགས་གཉིས་སོ། །དང་པོ་ལུས་དངོས་པོའི་གནས་ལུགས་ལའང་བཞི། ལུས་ཀྱི་གནས་ལུགས། རྩའི་གནས་ལུགས། རླུང་གི་གནས་ལུགས། ཐིག་ལེའི་གནས་ལུགས་རྣམས་སོ། །དང་པོ་ལུས་ཀྱི་གནས་ལུགས་ནི། ཇི་སྐད་དུ། ལུས་ནི་བྱང་ཆུབ་རྣམ་པ་ལྔ། །ཞེས་གསུངས་ཏེ། རྣལ་འབྱོར་པ་སྐྱེ་བ་སྔ་མའི་ལུས་ཀྱི་ཕུང་ཁམས་སྐྱེ་མཆེད་འབྱུང་བ་ཡེ་ཤེས་དང་བཅས་པ་ཐིམ་སྟེ་འོད་གསལ་དུ་འཇུག་པ་ནི་ཆོས་ཉིད་སྟོང་པ་ཉིད་ལས་མངོན་པར་བྱང་ཆུབ་པ། དེ་ནས་མའི་མངལ་དུ་ཁུ་ཁྲག་དཀར་དམར་གྱི་དབུས་སུ་ཞུགས་པ་ནི་གདན་ཉི་ཟླ་ལས་མངོན་པར་བྱང་ཆུབ་པ། ཁུ་ཁྲག་འདྲེས་པའི་ཚེ་གོང་བུ་རྗེས་སུ་ང་རོའི་རྣམ་པར་གནས་པ་ནི་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། གོང་བུ་ལས་གཟུགས་ཀྱི་རྣམ་པ་སྟོད་སྨད་སྦོམ་ཞིང་སྐེད་པ་ཕྲ་བའི་རྣམ་པ་ཅན་ནི་ཐུགས་ཕྱག་མཚན་ལས་མངོན་པར་བྱང་ཆུབ་པ། དེ་ནས་ལུས་ཡོངས་སུ་རྫོགས་ཏེ་སྐྱེ་བ་ནི་སྐུ་ཡོངས་སུ་རྫོགས་པ་ལས་མངོན་པར་བྱང་ཆུབ་པ་ཡིན་ནོ། །ཡང་ན་ཕའི་ཁུ་བ་དཀར་པོ་ཟླ་བའི་རང་བཞིན་ལ་ཐིག་ལེ་བརྒྱད་བརྒྱད་བཅུ་དྲུག །དེ་ཆ་གཉིས་རྫོགས་པ་ལས་སོ་གཉིས་དབྱངས་ཡིག་ཕྲག་གཉིས་ཀྱི་རང་བཞིན་ཅན་མཚན་སོ་གཉིས་ཀྱི་ངོ་བོ་ཟླ་བ་མེ་ལོང་ཡེ་ཤེས་ལས་བྱང་ཆུབ་པ། མའི་ཁུ་བ་ཁྲག་གི་རང་བཞིན་ཅན་རྡུལ་མུན་སྙིང་སྟོབས་ཀྱི་བྱེད་པས་བཞི་བཅུ་པ་ཕྲག་གཉིས་ལས་བརྒྱད་ཅུ་གསལ་བྱེད་བཞི་བཅུ་པ་ཕྲག་གཉིས་ཀྱི་རང་བཞིན་ཅན་དཔེ་བྱད་བརྒྱད་ཅུའི་ངོ་བོ་ཉི་མ་མཉམ་ཉིད་ཡེ་ཤེས་ལས་བྱང་ཆུབ་པ། དེ་དག་གི་བར་དུ་དྲི་ཟའི་རྣམ་ཤེས་ཞུགས་ཤིང་གནས་པ་ན་དབྱིབས་མི་འདྲ་བ་དུ་མར་ལས་རླུང་གི་བྱེད་པས་གནས་པ་ནི་ས་བོན་དང་ཕྱག་མཚན་གྱི་རྣམ་པར་སྣང་བ་སོར་རྟོག་ཡེ་ཤེས་ལས་བྱང་ཆུབ་པ། རྣམ་ཤེས་ཁུ་ཁྲག་དང་བཅས་པ་གཅིག་ཏུ་གྱུར་པ་ལས་མེར་མེར་པོ་ལ་སོགས་པའི་རྣམ་པར་གནས་པ་བྱ་གྲུབ་ཡེ་ཤེས་ལས་བྱང་ཆུབ་པ། མངལ་དུ་ལུས་ཡོངས་སུ་རྫོགས་པ་ནི་སྐུ་ཡོངས་སུ་རྫོགས་པ་ཆོས་དབྱིངས་ཡེ་ཤེས་ལས་བྱང་ཆུབ་པའོ། །ཡང་ན་རྣལ་འབྱོར་པའི་ལུས་སྔ་མ་འཆི་བ་འོད་གསལ་དུ་ཞུགས་པ་ཆོས་སྐུ། དེ་ལས་མའི་མངལ་དུ་ལུས་ཡོངས་སུ་རྫོགས་པ་ལོངས་སྐུ། དེ་ཉིད་ཟླ་བ་བཅུ་ནས་བཙའ་བ་སྤྲུལ་པའི་སྐུར་བཞེད་པ་སོགས་མང་དུ་གསུངས་སོ། །གཉིས་པ་རྩའི་གནས་ལུགས་ནི། རྒྱས་པར་ན་རྡོ་རྗེའི་ལུས་ལ་རྩ་ས་ཡ་ཕྲག་བཅུ་གསུམ། དེ་ལས་བསྡུས་ན་བྱེ་བ་ཕྲག་ཕྱེད་དང་བཞི། དེའང་བསྡུ་ན་སྟོང་ཕྲག་བདུན་ཅུ་རྩ་བཞི། དེའང་བསྡུ་ན་འཁོར་ལོ་བཅོ་བརྒྱད་དང་རྩ་འདབ་བརྒྱ་དང་བཅོ་བརྒྱད། དེའང་བསྡུ་ན་འཁོར་ལོ་ལྔའི་རྩ་འདབ་བརྒྱ་དང་ལྔ་བཅུ་ང་གཉིས། དེའང་བསྡུ་ན་འཁོར་ལོ་བཞིའི་རྩ་འདབ་བརྒྱ་དང་ཉི་ཤུ་སྟེ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ཆུ་ཚོད་སུམ་ཅུ་རྩ་གཉིས་སྙོམས་འཇུག་གི་གནས་སྐབས་ཏེ་འཕོ་བའི་ལས་སྐྱེད་པར་བྱེད། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་འཕོ་བ་བཅུ་དྲུག་པ་ཉིང་འཁྲུལ་གྱི་གནས་སྐབས་ཏེ་རྨི་ལམ་སྐྱེད་པར་བྱེད། སྙིང་ག་ཆོས་ཀྱི་འཁོར་ལོ་ཐུན་ཕྲན་བརྒྱད་པ་གཉིད་འཐུག་གི་གནས་སྐབས་ཏེ་གཏི་མུག་སྐྱེད་པར་བྱེད། ལྟེ་བ་སྤྲུལ་པའི་འཁོར་ལོ་དབྱུ་གུ་དྲུག་ཅུ་རྩ་བཞི་པ་སད་པའི་གནས་སྐབས་ཏེ་འདུ་བྱེད་སྐྱེད་པར་བྱེད། དེའང་བསྡུ་ན་རྩ་སུམ་ཅུ་རྩ་བདུན། དེའང་བསྡུ་ན་ནུས་པ་ཅན་གྱི་རྩ་སུམ་ཅུ་རྩ་གཉིས། དེའང་བསྡུ་ན་ཡུལ་ཉེར་བཞིའི་རྩ་ཉེར་བཞི། དེའང་བསྡུ་ན་རྩའི་གཙོ་བོ་དབུ་རྐྱང་རོ་གསུམ། དེའང་བསྡུ་ན་རྩ་ཨ་ཝ་དྷཱུ་ཏི་རྩ་མདུད་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ་ཉིད་ཡིན་ནོ། །གསུམ་པ་རླུང་གི་གནས་ལུགས་ནི། རྒྱས་པར་ན་རྩའི་གྲངས་དང་མཉམ་ལ། བསྡུ་ན་ཉིན་ཞག་ཕྲུགས་གཅིག་ལ་རླུང་ཉི་ཁྲི་ཆིག་སྟོང་དང་དྲུག་བརྒྱ། དེའང་བསྡུ་ན་འཕོ་ཆེན་བཅུ་གཉིས། དེའང་བསྡུ་ན་རྩ་བའི་རླུང་ལྔ་དང་ཡན་ལག་གི་རླུང་ལྔར་འདུས་ཏེ། དེའང་རྩ་བའི་རླུང་ལྔ་ནི། ཐུར་སེར་ནམ་མཁའི་རླུང་གསང་གནས་སུ་གནས། བདེ་བ་སྐྱེད་ཅིང་འོག་སྒོ་གཉིས་འབྱེད་འཛུམ་དང་བཤང་གཅི་འཕེན་སྡོམ་གྱི་ལས་བྱེད། མེ་མཉམ་སའི་རླུང་ལྟེ་བར་གནས། དྲོད་སྐྱེད་ཅིང་ཟས་འཇུ་བའི་ལས་བྱེད། སྲོག་འཛིན་ཆུའི་རླུང་སྙིང་གར་གནས། སྲོག་འཛིན་ཅིང་དབུགས་ཕྱི་ནང་དུ་རྒྱུ་བའི་ལས་བྱེད། གྱེན་རྒྱུ་མེའི་རླུང་མགྲིན་པར་གནས། བཟའ་བཏུང་མིད་པ་དང་མཆིལ་སྣབས་འདོར་བ་དང་སྨྲ་དགོད་ཀྱི་ལས་བྱེད། ཁྱབ་བྱེད་རླུང་གི་རླུང་སྤྱི་བོ་དང་སོར་ཚིགས་རྣམས་སུ་གནས། ཀུན་ལ་ཁྱབ་ཅིང་འགྲོ་འདུག་དང་འགུལ་བསྐྱོད་ཀྱི་ལས་བྱེད་དོ། །ཡན་ལག་གི་རླུང་ལྔ་ནི། མེ་མཉམ་གྱི་ཡན་ལག་རྒྱུ་བ་ཞེས་བྱ་བ་མིག་གི་དབང་རྟེན་ཟར་མའི་མེ་ཏོག་ལྟ་བུ་ལ་གནས། གཟུགས་མཐོང་བའི་ལས་བྱེད། སྲོག་འཛིན་གྱི་ཡན་ལག་རྣམ་པར་རྒྱུ་བ་རྣ་བའི་དབང་རྟེན་གྲོ་ག་གཅུས་པ་ལྟ་བུ་ལ་གནས། སྒྲ་ཐོས་པའི་ལས་བྱེད། ཁྱབ་བྱེད་ཀྱི་ཡན་ལག་ཡང་དག་པར་རྒྱུ་བ་སྣའི་དབང་རྟེན་ཟངས་ཀྱི་མོ་ཁབ་གཤིབས་པ་ལྟ་བུ་ལ་གནས། དྲི་ཚོར་བའི་ལས་བྱེད། གྱེན་རྒྱུའི་ཡན་ལག་རབ་ཏུ་རྒྱུ་བ་ལྕེའི་དབང་རྟེན་ཟླ་བ་ཕྱེད་པ་ལྟ་བུ་ལ་གནས། རོ་མྱོང་བའི་ལས་བྱེད། ཐུར་སེལ་གྱི་ཡན་ལག་ཤིན་ཏུ་རྒྱུ་བ་ལུས་ཀྱི་དབང་རྟེན་བྱ་རེག་ན་བདེ་བའི་པགས་པ་ལྟ་བུ་པགས་པ་སྤྱི་ཁྱབ་དང་བྱེ་བྲག་གསང་བར་གནས། བདེ་བ་སྐྱེད་ཅིང་རེག་བྱ་ཚོར་བའི་ལས་བྱེད་དོ། །དེ་ལྟར་རླུང་ཐམས་ཅད་རླུང་བཅུ་པོ་འདི་ལ་མ་འདུས་པ་མེད་ལ། དེའང་སྙིང་གའི་སྲོག་གི་རླུང་ལས་གྱེས་པའི་སྣ་བུག་གི་རླུང་ནི་ཕྱིར་རྒྱུ་བའི་ཚེ་ཉོན་མོངས་ཀྱི་རྟོག་པ་སྐྱེད་པས་རྩོལ་བ་ཞེས་བྱ་ལ། ནང་དུ་གནས་པའི་ཚེ་དཔལ་དང་ཚེ་བསོད་སྐྱེད་པས་སྲོག་ཅེས་བྱ། ཡང་ན་སྣ་བུག་གཡས་ནས་རྒྱུ་བའི་ཚེ་ཉོན་མོངས་པ་སྐྱེད་ཅིང་དོན་མི་འགྲུབ་པས་རྩོལ་བ། སྣ་བུག་གཡོན་ནས་རྒྱུ་བའི་ཚེ་བདེ་སྟོང་སྐྱེད་ཅིང་དོན་འགྲུབ་པས་སྲོག སྣ་བུག་མཉམ་རྒྱུའི་ཚེ་ཡེ་ཤེས་ཀྱི་རླུང་ཞེས་བཏང་སྙོམས་པ་སྟེ་འཆི་བ་སྟེར་ཞིང་གདམས་པའི་གནད་དང་མི་ལྡན་ན་དོན་མེད་པ་ཉིད་ཡིན་ནོ། །ཡང་འཇུག་པས་དོན་འགྲུབ། དབྱུང་བས་དོན་མི་འགྲུབ། གནས་པ་བཏང་སྙོམས་སོ། །དེ་དག་རྒྱུད་སྡེ་སྤྱིའི་ལུགས་ཡིན་ལ། དུས་ཀྱི་འཁོར་ལོར་ནི་སྣ་བུག་གཉིས་ཀའི་རླུང་ལ་སྲོག་ཅེས་བྱ་ཞིང་དེ་ཉིད་བྱེད་བཅིང་གིས་ཉམས་སུ་བླང་བ་ལ་རྩོལ་བ་ཞེས་གསུངས་སོ། །བཞི་པ་ཐིག་ལེའི་གནས་ལུགས་ནི། རྒྱས་པར་རྩའི་གྲངས་དང་མཉམ་ལ། བསྡུ་ན་སུམ་ཅུ་རྩ་བདུན། དེའང་བསྡུ་ན་སུམ་ཅུ་རྩ་གཉིས། དེའང་བསྡུ་ན་ཉི་ཤུ་རྩ་བཞི། དེའང་བསྡུ་ན་བཅུ་དྲུག དེའང་བསྡུ་ན་ཁམས་དགུ། དེའང་བསྡུས་པས་ཐིག་ལེ་བཞི་སྟེ། སྤྱི་བོར་ཧཾ་གི་རྣམ་པ་དཀར་པོ་བདེ་བ་སྐྱེད་བྱེད་ངོ་བོ་ཉིད་སྐུའི་ས་བོན། མགྲིན་པར་ཨོཾ་གྱི་རྣམ་པ་དམར་པོ་གསལ་བ་སྐྱེད་བྱེད་ལོངས་སྐུའི་ས་བོན། སྙིང་གར་ཧཱུྂ་གི་རྣམ་པ་སྔོན་པོ་མི་རྟོག་པ་སྐྱེད་བྱེད་ཆོས་སྐུའི་ས་བོན། ལྟེ་བར་ཨཾ་གི་རྣམ་པ་དམར་པོ་བདེ་དྲོད་སྐྱེད་བྱེད་སྤྲུལ་སྐུའི་ས་བོན་ཅན་ནོ། །དེའང་བསྡུ་ན་སྤྱི་བོར་དཀར་ཆའི་དྭངས་མ་ཧཾ་གི་རྣམ་པ་དང༌། ལྟེ་བར་དམར་ཆའི་དྭངས་མ་ཨ་ཐུང་གི་རྣམ་པ་ཅན་ཨེ་ཝཾ་བདེ་སྟོང་ཐབས་ཤེས་ཀྱི་རང་བཞིན་ཅན་ལ་མ་འདུས་པ་མེད་ལ། གཞན་ཡང་རྣལ་འབྱོར་པའི་ལུས་ལ་འཕོ་བ་དང༌། མི་འཕོ་བ་དང༌། གཡོ་བ་དང༌། མི་གཡོ་བ་ལ་སོགས་པའི་ཐིག་ལེ་དཔག་ཏུ་མེད་པ་གནས་སོ། །གཉིས་པ་སེམས་དངོས་པོའི་གནས་ལུགས་ནི། དཔལ་རྡོ་རྗེ་གདན་བཞིའི་རྒྱུད་ཀྱི་གསང་བའི་གདན་གྱི་རབ་ཏུ་ཕྱེ་བ་གཉིས་པར། ཤེལ་དང་མཚུངས་པ་དག་པའི་སེམས། །སེམས་ལ་སྐྱོན་དང་ཡོན་ཏན་མེད། །ཡུལ་རྣམས་དང་ནི་ཕྲད་པ་ཡིས། །སྲིད་པའི་སྐྱོན་གྱིས་གོས་པ་ཡིན། །ཞེས་དང༌། དེ་ཉིད་ལས། རྟག་ཏུ་རྣམ་ཤེས་ནམ་མཁའ་འདྲ། །ཁ་དོག་མེད་བྱ་ཐམས་ཅད་མཚོན། །མི་ལྡན་ལུས་ཅན་ལྡན་པ་དེ། །གཟུགས་མེད་པ་ནི་ཀུན་གྱི་གཟུགས། །དེ་བཞིན་ཐུང་ངུ་རིང་པོ་མིན། །སེམས་ཀྱི་དེ་ཁོ་ན་ཉིད་ཀྱིས། །དངོས་མེད་རྫུ་འཕྲུལ་འགྲུབ་པར་འགྱུར། །མཚན་ཉིད་མེད་པའི་སེམས་ཀྱིས་ནི། །མཚན་ཉིད་ཐམས་ཅད་སྟེར་བའོ། །དངོས་པོ་མེད་པ་བསྒོམས་པ་ཡིས། །སྒོམ་པ་དག་ནི་ཀུན་མཚོན་པར། །ཞེས་སོགས་གསུངས་པས། སེམས་ཀྱི་རང་བཞིན་འོད་གསལ་བ། ནམ་མཁའ་བཞིན་དུ་འགྱུར་བ་མེད་པ། གསལ་སྟོང་ཟུང་དུ་འཇུག་པ། རང་བཞིན་རྣམ་པ་དང་བཅས་པའི་ཚུལ་དང༌། གཙོ་བོ་ཀུན་གཞི་རགས་པ་དབང་ཤེས་དང་ཉོན་ཡིད། ཕྲ་བ་སེམས་བྱུང་ང་གཅིག་དང་ཀུན་རྟོག་བརྒྱད་ཅུ། ཤིན་ཏུ་ཕྲ་བ་སྣང་མཆེད་ཐོབ་གསུམ་ལ་སོགས་པ་འཆར་བ་དང་འགག་པའི་ཚུལ་རྣམས་ཤེས་དགོས་ལ། གཞན་ཡང་སྦྱང་གཞི་སྦྱོང་བྱེད་སྦྱངས་འབྲས་སོགས་སྔགས་ཀྱི་ལམ་རྣམས་ལ་གོ་བ་ཆགས་པར་བྱ་དགོས་ལ། ཕར་ཕྱིན་ཐེག་པའི་ལྟ་བ་རང་གཞན་གྱི་སྟོང་ལུགས་སོགས་ཀྱི་རྣམ་གཞག་ནི་འདིར་གལ་མི་ཆེའོ།། །། ༈གཉིས་པ་ལམ་ཉམས་སུ་བླང་བའི་རིམ་པ་ལ་གསུམ། སྔོན་འགྲོ། དངོས་གཞི། རྗེས་སོ། །དང་པོ་སྔོན་འགྲོ་ལའང་གཉིས། ཐུན་མོང་གི་སྔོན་འགྲོ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོའོ། །དང་པོ་ཐུན་མོང་གི་སྔོན་འགྲོ་བཞི་ནི། དལ་འབྱོར་རྙེད་དཀའ་བ། དེ་ཉིད་མི་རྟག་ཅིང་འཆི་བ། དཀར་ནག་རྒྱུ་འབྲས་ལ་ཡིད་ཆེས་པར་བྱ་བ། འཁོར་བའི་ཉེས་དམིགས་ཀྱིས་ཡིད་འབྱུང་བ་རྣམས་སོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ལའང་བཞི། རྒྱུད་སྣོད་རུང་དུ་དགོད་པ་སྐྱབས་འགྲོ་སེམས་བསྐྱེད། སྡིག་སྒྲིབ་སྦྱོང་བྱེད་རྡོ་རྗེ་སེམས་དཔའི་སྒོམ་བཟླས། ཚོགས་གཉིས་རྫོགས་པ་མཎྜལ་འབུལ་བ། རྒྱུད་ལ་བྱིན་རླབས་འཇུག་བྱེད་བླ་མའི་རྣལ་འབྱོར་རྣམས་སོ། །དེ་ལྟར་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་རྣམས་ནི་ཁོ་བོས་བགྱིས་པའི་ལྔ་ལྡན་རྡོ་རྗེའི་ཚིག་རྐང་ལྟར་ཉམས་སུ་བླང་བར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པའོ། །དང་པོ་སྨིན་བྱེད་ཀྱི་དབང་ནི། ཆོས་དྲུག་འདི་བདེ་དགྱེས་གསང་གསུམ་དུས་འཁོར་སོགས་བླ་མེད་ཀྱི་རྒྱུད་ཐམས་ཅད་ཀྱི་རྫོགས་རིམ་དུ་མ་གསུངས་པ་མེད་པས་རྒྱུད་སྡེ་དེ་དག་ཐམས་ཅད་ཀྱི་དབང་བཞི་རྫོགས་པ་གང་བྱས་ཀྱང་འདྲ་བར་མཆིས་ཤིང༌། ཁྱད་པར་བརྒྱུད་པ་འདི་ཉིད་ཀྱི་ཕྱག་བཞེས་ལ་རྡོ་རྗེ་རྣལ་འབྱོར་མ་བདེན་གཉིས་ཞལ་གྱི་དབང་ངེས་པར་མཛད་པས་དེ་དག་གི་དབང་སྟ་གོན་དང་འབྲེལ་ཞིང་དབང་གི་གོ་དོན་འཕྲོད་ངེས་སུ་བསྐུར་བ་གལ་ཆེ་བས་དེས་ཆོག་དེས་འོང་བསྐུར་ཐོབ་ཀྱི་མིང་ཙམ་ལ་ཆགས་ཞེན་མི་བྱ་བར་མཚན་ཉིད་ཚང་བ་ཞིག་སྐབས་འདིར་གལ་ཆེའོ། །གཉིས་པ་གྲོལ་བའི་ལམ་ལ་གཉིས། བསྐྱེད་རིམ་དང་རྫོགས་རིམ་མོ། །དང་པོ་ནི། ལུས་བསམ་གཏན་གྱི་ཡན་ལག་བདུན་དང་ལྡན་པས། ཨོཾ་སྭ་བྷཱ་ཝ་དང༌། ཨོཾ་བཛྲ་ཤུདྡྷཿདང༌། ཨོཾ་ཡོ་ག་ཤུདྡྷཿགསུམ་གྱིས་སྦྱངས་པས་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསམ། དེའི་ངང་ལས་ཧཱུྂ་ཧཱུྂ་ཞེས་བརྗོད་པས་རྡོ་རྗེའི་ས་གཞི་ར་བ་གུར་བླ་བྲེ་མདའི་དྲ་བ། དེའི་ཕྱི་རོལ་ཏུ་ཡེ་ཤེས་ཀྱི་མེ་འབར་བའི་བསྲུང་བའི་འཁོར་ལོ་ཆེན་པོའི་དབུས་སུ་ཨེ་ལས་ཆོས་ཀྱི་འབྱུང་གནས་རྩ་བ་ཕྲ་བ་ཐུར་དུ་ཟུག་པ། གདེངས་ཀ་ཆེ་བ་ཡར་བསྟན་པ། ཕྱི་སྔོ་ནང་དམར་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་པཾ་ལས་སྣ་ཚོགས་པདྨ་དང༌། ཨ་ལས་ཟླ་བ་ཉ་གང་བ། རཾ་ལས་ཉི་མའི་གདན་ལ་བཾ་ཆེན་བསྣོལ་བའི་སྟེང་དུ་རང་གི་སེམས་ཉིད་བྂ་ཡིག་དམར་པོ་འོད་འབར་བ་ལས་རྡོ་རྗེ་གྲི་གུག་ལྟེ་བར་བྂ་གྱིས་མཚན་པ་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས། རྡོ་རྗེ་རྣལ་འབྱོར་མའི་གོ་འཕང་ལ་བཀོད། ཚུར་འདུས་ཡོངས་སུ་གྱུར་པ་ལས་ནམ་མཁའ་ལ་དར་དམར་པོ་ཕྱར་བ་ལྟར་རང་ཉིད་རྡོ་རྗེ་རྣལ་འབྱོར་མ་སྐུ་མདོག་དམར་མོ་ཉི་མ་འབུམ་གྱི་གཟི་བརྗིད་ཅན། རྩ་ཞལ་སྤྱན་གསུམ་ཁྲོ་ཆགས་འདྲེས་པ། མཆེ་བ་ཅུང་ཟད་གཙིགས་པ། རྣ་ལྟག་གཡས་སུ་ཕག་ཞལ་ནག་པོ་ངུར་སྒྲ་སྒྲོག་པ། ཐོད་པ་སྐམ་པོ་ལྔའི་དབུ་རྒྱན་ཅན་སྐྲ་གྲོལ་བ། ཐོད་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ་དང་རུས་པའི་ཕྱག་རྒྱ་ལྔ་འཆང་བ། ཕྱག་གཡས་གྲི་གུག་འཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་བསྣམས་པ། གྲུ་མོར་ཁ་ཊྭཱཾ་ག་བསྒྲེངས་པ། གཅེར་མོ་ཁྲག་ལ་དགྱེས་ཤིང་ཁྲག་འཛག་པ། བཅུ་དྲུག་ལོན་པའི་ལང་ཚོ་ཅན། ནུ་མ་ལངས་པ། ཞབས་གཡས་བསྐུམ་ཞིང་གཡོན་བརྐྱང་བའི་གར་སྟབས་ཁམས་གསུམ་གྱི་དབྱིངས་སུ་བསྒྱུར་བ། རང་ལུས་ལས་འབར་བའི་མེ་དཔུང་གི་དབུས་ན་བཞུགས་པར་བསམ། དེ་ལ་གོ་ཆ་བགོ་བ་ནི། དེའི་ལྟེ་བར་ཨོཾ་བཾ་ལས་རྡོ་རྗེ་ཕག་མོ་དམར་མོ། སྙིང་གར་ཧཾ་ཡོཾ་ལས་གཤིན་རྗེ་མ་སྔོན་མོ། མགྲིན་པར་ཧྲཱིཾ་མོཾ་ལས་རྨོངས་བྱེད་མ་དཀར་མོ། དཔྲལ་བར་ཧྲིཾ་ཧྲཱིཾ་ལས་སྐྱོད་བྱེད་མ་སེར་མོ། སྤྱི་གཙུག་ཏུ་ཧུཾ་ཧཱུྂ་ལས་སྐྲག་བྱེད་མ་ལྗང་གུ། ཡན་ལག་ཐམས་ཅད་ལ་ཕཊ་ཕཊ་ལས་ཙཎྜི་ཀ་དུད་ཁ་ཐམས་ཅད་ཀྱང་ཞལ་གཅིག ཕྱག་གཉིས་མ། གཡས་གྲི་གུག་དང་གཡོན་ཐོད་ཁྲག་འཛིན་པ། རྒྱན་ཆས་ཕག་མོ་ལྟར་གསལ་གདབ་བོ། །ཡེ་ཤེས་པ་དགུག་ཅིང་བྱིན་གྱིས་བརླབ་པ་ནི། རྣལ་འབྱོར་མའི་གསང་གནས་སུ་ཆོས་འབྱུང་དམར་པོའི་ལྟེ་བར་ཧྲཱིཿས་མཚན་པ་ལས་འོད་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་འཁོར་དང་བཅས་པ་རྡོ་རྗེ་རྣལ་འབྱོར་མའི་རྣམ་པར་མདུན་གྱི་ནམ་མཁར་སྤྱན་དྲངས་བཛྲ་ས་མཱ་ཛཿ དེ་དག་གི་སྐུ་ལས་རྣལ་འབྱོར་མའི་སྐུ་དཔག་ཏུ་མེད་པ་སྤྲོས་པ་རང་གི་སྤྱི་བོར་ཐིམ་པས་ལུས་ལ་བདེ་བ་དང་ནུས་པ་བསྐྱེད། གསུང་ལས་ཨཱ་ལི་ཀཱ་ལི་དམར་པོ་སྤྲོས་རང་གི་མགྲིན་པར་ཐིམ་པས་ངག་ལ་མཐུ་དང་ནུས་པ་བསྐྱེད། ཐུགས་ལས་བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་བབ་རང་གི་སྙིང་གར་ཐིམ་པས་བདེ་སྟོང་གི་ཡེ་ཤེས་རྒྱུད་ལ་སྐྱེས། མཐར་རྣལ་འབྱོར་མ་དེ་ཉིད་རང་ལ་ཐིམ་པས་གཉིས་སུ་མེད་པར་གྱུར་པར་བསམས་ལ་བསྐྱེད་རིམ་ཅི་ནུས་སུ་བསྒོམ། དེས་ངལ་ན་དག་པ་དྲན་པ་ནི། སྐུ་ནི་ཆོས་ཐམས་ཅད་དུ་མ་རོ་གཅིག་པ་ཉོན་མོངས་ཀྱི་རྟོག་པ་དབྱིངས་སུ་ཞི་བས་རྩ་ཞལ་ཁྲོ་ཆགས་འདྲེས་པ། ཆོས་སྐུ་འགྱུར་བ་མེད་པས་རྣ་ལྟག་ཏུ་ཕག་ཞལ། ཡེ་ཤེས་དབྱིངས་སུ་རྒྱས་པས་སེམས་ཅན་གྱི་དོན་མཛད་པས་དབུ་སྐྲ་ཕྱེད་བཅིངས་རྒྱབ་ཏུ་གྲོལ་བ། དུས་གསུམ་མཁྱེན་ཕྱིར་སྤྱན་གསུམ། བདུད་བཞི་རྩད་ནས་གཅོད་པས་མཆེ་བ་བཞི་གཙིགས་པ། ཐབས་ཤེས་ཟུང་དུ་འཇུག་པས་ཕྱག་གཉིས་མ། གདུག་པ་ཅན་ཟིལ་གྱིས་གནོན་པས་གཡས་གྲི་གུག རྟོག་མེད་ཀྱི་ཟས་ལ་རོལ་བས་གཡོན་ཐོད་ཁྲག ཡབ་ཧེ་རུ་ཀ་སྦས་པའི་ཚུལ་གྱིས་ཁ་ཊྭཱཾ་ག དུག་ལྔ་དག་པས་རིགས་ལྔའི་རང་བཞིན་ཐོད་སྐམ་ལྔའི་དབུ་རྒྱན། འདུ་བྱེད་ལྔ་བཅུ་རྩ་གཅིག་དག་པས་ཐོད་པ་ལྔ་བཅུ་རྩ་གཅིག་གི་དོ་ཤལ། ཕར་ཕྱིན་དྲུག་རྫོགས་པའི་རུས་པའི་ཕྱག་རྒྱ་ལྔ། ཆོས་ཉིད་དོན་དམ་པའི་རོལ་བ་བཾ་ཆེན། ཉོན་མོངས་པའི་མུན་པ་འཇོམས་པ་ཉི་མ། འཁོར་བའི་ཚ་གདུང་སེལ་བ་ཟླ་བ། འཁོར་བའི་སྐྱོན་སྤངས་ཀྱང་འཁོར་བ་བློས་མི་གཏོང་བས་པདྨའི་གདན། ཉོན་མོངས་ཀྱི་རྟོག་པ་བསྲེགས་པས་རང་འོད་ཀྱི་མེ། མདོར་ན་རང་གི་སེམས་ཀྱི་སྣང་ཕྱོགས་ལྷའི་སྐུ་སྒྱུ་མ་ལྟ་བུ། སྟོང་ཕྱོགས་འོད་གསལ་ཆོས་ཀྱི་སྐུའི་རང་བཞིན་དུ་མོས་པའི་དག་པ་དྲན་པར་བྱའོ། །དེས་ཀྱང་ངལ་ན། ཨོཾ་བཛྲ་བཱ་རཱ་ཧཱི་མ་ཧཱ་ཡོ་གི་ནཱི་ཨཱཏྨ་ཀོ྅ཧཾ། ཞེས་རང་སེམས་གདོད་ནས་རྡོ་རྗེ་རྣལ་འབྱོར་མ་ཡིན་པ་ལ་ཡིན་པའི་ང་རྒྱལ་ཆེས་བརྟན་པར་བྱའོ། །དེ་ནས་བཟླས་པ་ནི། རང་རྣལ་འབྱོར་མར་གསལ་བའི་གསང་གནས་སམ། ལྟེ་བར་ཆོས་འབྱུང་དམར་པོ་མེའི་འཁོར་ལོ་ལྟ་བུའི་དབུས་སུ་པདྨ་དམར་པོའི་ལྟེ་བར་ཉི་མའི་དབུས་སུ་བྂ་ཡིག་དམར་པོའི་མཐར་སྔགས་ཕྲེང་གིས་གཡོན་དུ་བསྐོར་བ། སྔགས་བཟླས་པའི་ཚེ་གདན་ས་བོན་དང་བཅས་པ་མི་འགུལ་བར་སྔགས་ཕྲེང་གཡོན་སྐོར་དུ་དྲག་ལ་མྱུར་བར་འཁོར་བར་བསམས་པས། ཨོཾ་ཨོཾ་ཨོཾ་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བཻ་རོ་ཙ་ནཱི་ཡེ་ཧཱུྂ་ཧཱུྂ་ཧཱུྂ་ཕཊ་ཕཊ་ཕཊ་སྭཱ་ཧཱ། ཅི་ནུས་བཟླས། ཐུན་མཐར། ཨོཾ་བཛྲ་བཱ་རཱ་ཧཱི་ཨརྒྷཾ་པྲ་ཏཱིཙྪ་སྭཱ་ཧཱ། ཤཔདའི་བར་གྱིས་མཆོད། དཔལ་ལྡན་རྡོ་རྗེ་མཁའ་འགྲོ་མ། །མཁའ་འགྲོ་མ་ཡིས་འཁོར་ལོ་སྒྱུར། །ཡེ་ཤེས་ལྔ་དང་སྐུ་གསུམ་ཉིད། །འགྲོ་བ་སྐྱོབ་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཐུན་བསྡུ་བའི་ཚེ་ས་བོན་བྂ་ལས་འོད་འཕྲོས། སྣོད་བཅུད་ཐམས་ཅད་འོད་དུ་བྱས་པ་རང་ལ་བསྟིམ། རང་ལུས་སྟོད་སྨད་ནས་འོད་དུ་ཞུ་བ་བྂ་ལ་ཐིམ། བྂ་ཡིག་ཁོག་པ་མགོ་བོ་ཟླ་ཚེས་ཐིག་ལེ་ནཱ་ད་ལ་བསྡུས་ཏེ་ནཱ་དའང་འོད་གསལ་སྟོང་པ་ཉིད་ཀྱི་རང་བཞིན་དུ་གྱུར་པ་ལ་ཅི་གནས་སུ་མཉམ་པར་བཞག ལྡང་བའི་ཚེ་སླར་ཡང་རང་ཉིད་སྒྱུ་མ་ལྟ་བུའི་རྣལ་འབྱོར་མ་ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་གྱུར་པར་བསམ་པའི་ངང་ནས་སྤྱོད་ལམ་ལ་འཇུག་གོ། །། ༈གཉིས་པ་རྫོགས་རིམ་ལ་གཉིས། རྩ་བའི་ཆོས་བཞི་དང་ཡན་ལག་གི་ཆོས་གཉིས། དང་པོ་ནི། ལྟེ་བ་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་འཕོ་བའི་གནས་སྐབས་ཀྱི་དྲི་མ་སྦྱོང་ཞིང་འདོད་ཆགས་ལམ་དུ་བྱེད་པ་གཏུམ་མོ་ལམ་གྱི་གཞུང་ཤིང༌། སྙིང་ག་ཆོས་ཀྱི་འཁོར་ལ་བརྟེན་ནས་སེམས་རང་བཞིན་གྱིས་རྨོངས་པའི་གནས་སྐབས་ཀྱི་དྲི་མ་སྦྱོང་ཞིང་གཏི་མུག་ལམ་དུ་བྱེད་པ་འོད་གསལ་ལམ་གྱི་སྙིང་པོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་ལ་བརྟེན་ནས་ཉིང་འཁྲུལ་རྨི་ལམ་གྱི་གནས་སྐབས་ཀྱི་དྲི་མ་སྦྱོང་ཞིང་ཞེ་སྡང་ལམ་དུ་བྱེད་པ་རྨི་ལམ་ལམ་གྱི་ཚོད་འཛིན། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་ལ་བརྟེན་ནས་སད་པའི་གནས་སྐབས་ཀྱི་དྲི་མ་སྦྱོང་ཞིང་ང་རྒྱལ་དང་ཕྲག་དོག་ལམ་དུ་བྱེད་པ་སྒྱུ་ལུས་ལམ་གྱི་གཞི་མ་རྣམས་སོ། །དང་པོ་ནི། ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་ལས། །སེམས་ཀྱི་གནས་ཐབས་ལྟ་བའི་གདེང༌། །ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །ཕྱི་ནི་སྒྱུ་མ་ལྷ་ཡི་སྐུ། །ནང་ན་རྩ་གསུམ་འཁོར་ལོ་བཞི། །འོག་ན་ཨ་ཤད་ཙཎྜ་ལཱི། །སྟེང་ན་ཧཾ་ཡིག་རྣམ་པ་ཅན། །སྟེང་འོག་རླུང་གི་འཁོར་ལོའི་དབྱིབས། །སྲོག་རྩོལ་བུམ་ཅན་ཉམས་ལེན་གྱིས། །བར་ན་བདེ་སྟོང་གསལ་བའི་ཉམས། །མིང་ཡང་གཏུམ་མོའི་གདམས་པ་ཟེར། །རླུང་གནད་དུ་ཆུད་དམ་ལོ་ཙཱ་བ།།(ཆོས་དྲུག་དྲིལ་བ་རྡོ་རྗེའི་མགུར་འདི་རྣམས། རྗེ་མར་པའི་རྣམ་ཐར་དཔའ་བོ་གཙུག་ལག་ཕྲེང་བས་མཛད་པར་འདི་རྣམས་དང་ཟུར་མི་འདྲ་བ་ཙམ་འདུག་ནའང༌། གཙང་སྨྱོན་པས་མཛད་པ་དང་སྤྲུལ་སྐུ་ངག་དབང་ཀུན་བློས་མཛད་པ་གཉིས་ཞལ་མཐུན་པར་འདི་ལྟར་འབྱུང་ཞིང༌། ཆོས་དྲུག་གི་དམིགས་རིམ་དང་ཡང་འདི་ཉིད་མཐུན་པར་སྣང་བས་དེ་ལྟར་བྲིས་པ་ཡིན་ནོ།།) ཞེས་གསུངས་པ་སྟེ། འདི་ཉམས་སུ་བླང་བ་ལ་གསུམ། སྔོན་འགྲོ་སྦྱང་བ་རྣམ་གསུམ། དངོས་གཞི་ཉམས་ལེན་རྣམ་གསུམ། རྗེས་ཡན་ལག་རྣམ་གསུམ་མོ། །དང་པོ་ལ་གསུམ། རྩ་སྦྱང་བ། རླུང་སྦྱང་བ། ཐིག་ལེ་སྦྱང་བའོ། །དང་པོ་ལུས་བསམ་གཏན་གྱི་ཡན་ལག་བདུན་དང་ལྡན་པས་རང་རྣལ་འབྱོར་མར་གསལ་བའི་ཁོང་པའི་ནང་དུ་རྩ་དབུ་མ་སྦ་ལྕག་གམ། མདའ་སྨྱུག་སྦོམ་པ་ཙམ་གྱི་ཕྱི་སྔོ་བ། ནང་དམར་བའམ། སྔོན་པོ་འབའ་ཞིག་གམ། དམར་པོ་འབའ་ཞིག་པ། ཡར་སྣེ་ཚངས་བུག་དང་མར་སྣེ་གསང་གནས་སུ་ཟུག་པ། དེའི་གཡས་སུ་རོ་མ་དམར་པོ་དང་གཡོན་དུ་རྐྱང་མ་དཀར་པོ་གཉིས་དབུ་མ་ལས་ཅུང་ཟད་ཕྲ་བ་ཡར་སྣེ་ཀླད་རྒྱའི་སྟེང་ནས་ཐུར་དུ་གུག་པ་སྣ་བུག་གཉིས་ལ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞི་ཙམ་ནས་དབུ་མ་ལ་ཡི་གེ་ཆའི་དབྱིབས་ལྟར་ཟུག་པ། དེ་གསུམ་ག་ཡ་ཡོ་མེད་པ། དྲང་བ། ཁ་དོག་དྭངས་པ། ཕྱི་ནང་གསལ་བ། ནང་སྟོང་པ་སྟེ་མཚན་ཉིད་བཞི་དང་ལྡན་པ། རྩ་དེ་གསུམ་གྱི་བར་མདའ་སྨྱུག་ཙམ་གྱིས་མ་ཐུག་པར་གསལ་གདབ། དེའི་རྗེས་ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་དྲུག་ཅུ་རྩ་བཞི་པ། དེའང་དབུ་མ་ལས་བརྒྱད་ཕྱོགས་མཚམས་སུ་གྱེས་པ། དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས། དེ་ལས་གཉིས་གཉིས་གྱེས་པས་དྲུག་ཅུ་རྩ་བཞི་པ་ཁ་དོག་དམར་པོ། སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་དབུ་མ་ལས་ཕྱོགས་མཚམས་བརྒྱད་དུ་སོ་སོར་གྱེས་པ་ཁ་དོག་དཀར་པོ། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་དབུ་མ་ནས་ཕྱོགས་མཚམས་བརྒྱད་དང་དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག་ཁ་དོག་དམར་པོ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་སྨིན་མཚམས་ཀྱི་ཐད་ཙམ་གྱི་ནང་དུ་རྩ་འདབ་སོ་གཉིས་དབུ་མ་ནས་ཕྱོགས་མཚམས་སུ་བརྒྱད་གྱེས་པ། དེ་ལས་གཉིས་གཉིས་གྱེས་པས་བཅུ་དྲུག དེ་ལས་གཉིས་གཉིས་གྱེས་པས་སོ་གཉིས་རྣམས་ཁ་དོག་ལྗང་གུ། དེའང་ལྟེ་བ་དང་མགྲིན་པའི་རྩ་འཁོར་གཉིས་གདུགས་ཀྱི་འགྱོགས་ལྟར་ཅུང་ཟད་སྟེང་དུ་ཕྱོགས་པ། སྤྱི་བོ་དང་སྙིང་གའི་རྩ་འཁོར་གཉིས་གདུགས་ཀྱི་རྩིབས་ལྟར་འོག་ཏུ་ཅུང་ཟད་ཕྱོགས་པ། རྩ་འཁོར་དེ་རྣམས་ཀྱི་གྱེས་མཚམས་ཐམས་ཅད་མདུད་པའི་རྣམ་པ་ཅན། སོ་སོའི་རྩེ་མོ་རྣམས་ནི་གྲངས་མེད་དུ་གྱེས་ནས་ལུས་ཀྱི་སྟོད་སྨད་བར་གསུམ་གྱི་བ་སྤུའི་ཁུང་བུ་ཐམས་ཅད་དུ་ཟུག་པ་ལུས་ཐམས་ཅད་རྩའི་དྲ་མིག་ཤིགས་སེ་བ། རྩའི་གཙོ་མོ་གསུམ་མ་གཏོགས་པའི་རྩ་གཞན་རྣམས་རླུང་མ་བཅུག་པའི་དུས་ལུག་རྗུད་ཀྱི་རྒྱུ་མ་ལྟར་སྙོམ་ཧྲིད་དེ་བར་བསམ། དེ་ལྟར་རྩ་འཁོར་རྣམས་ལ་གསལ་སྣང་མ་ཐོན་བར་དུ་འདི་ཉིད་ལ་འབད་ནས་བསྒོམ་པ་གལ་ཆེའོ། །ཆོས་དྲུག་གི་ཡིག་ཆ་ལ་ལར་སྟོང་ར་སྒོམ་པའི་རིམ་པ་འགའ་ཞིག་སོ་སོར་གསུངས་ཀྱང་འདིར་ཕྱི་ལྷ་སྐུ། ནང་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་ཐམས་ཅད་སྟོང་གསལ་འཛིན་མེད་དུ་བསྒོམས་པས་སྟོང་ར་ཐམས་ཅད་འདུ་བར་བཞེད་པ་ཡིན་ནོ། །གཉིས་པ་རླུང་སྦྱང་བ་ནི། ལུས་རྣམ་སྣང་གི་ཆོས་བདུན་གྱི་སྟེང་ནས་རླུང་མཉམ་རྒྱུ་འདུག་ན་དེས་འོང་ལ། མི་འདུག་ན་རླུང་ཡོན་པོ་སྲོང་བའི་འཁྲུལ་འཁོར་རླུང་རྒྱུ་བ་ངོས་འོག་ཏུ་བཅུག་ལ་བཀག མི་རྒྱུ་བ་ངོས་ནས་ལན་མང་དུ་བུས་ལ་མཉམ་རྒྱུ་བྱུང་མ་ཐག ལག་གཡོན་རྡོ་རྗེ་ཁུ་ཚུར་གཡས་པའི་གྲུ་འོག་ཏུ་བཅུག སྣ་བུག་གཡས་ནས་རླུང་ཁེངས་པ་བརྔུབ། ལག་གཡས་རྡོ་རྗེ་ཁུ་ཚུར་གྱི་མཛུབ་མོས་སྣ་བུག་གཡས་པ་བཀག་ལ་གཡོན་ནས་དྲག་ལ་རིང་བ་གཅིག་འབུད། ཡང་གོང་ལྟར་གཡས་ནས་བརྔུབས་ལ་གཡོན་དུ་དྲག་ལ་ཐུང་བ་གཅིག ཡང་གོང་ལྟར་ལ་གཡོན་ནས་འཇམ་ལ་རིང་བ་གཅིག་རྣམས་འབུད། དེའི་རྗེས་ཕྱག་རྒྱ་གཡས་གཡོན་བསྒྱུར་ལ། གཡོན་ནས་བརྔུབས་ལ་གཡས་ནས་གོང་ལྟར་ལན་གསུམ་འབུད། དེའི་རྗེས་ལག་གཉིས་རྡོ་རྗེ་ཁུ་ཚུར་པུས་སྟེང་སོ་སོར་བཞག་ནས་རླུང་སྣ་བུག་གཉིས་ཀ་ནས་གོང་ལྟར་ལན་གསུམ་འབུད། རླུང་རྔུབ་འབུད་ཀྱི་ཚེ་རླུང་དམིགས་སེམས་གསུམ་གཅིག་ཏུ་དྲིལ་ལ་ཕྱོགས་དེར་གཏད་ཅིང་ཕར་བུས་པའི་ཚེ་ནད་གདོན་སྡིག་སྒྲིབ་ཐམས་ཅད་སངས་སངས་དག་པར་བསམ་མོ། །དེ་ལྟར་འབུད་པ་དགུ་ཕྲུགས་འདི་སྣོད་མི་གཙང་བ་བཀྲུ་བཤལ་བྱས་པ་དང་འདྲ་བས་སྔ་ཐུན་དང་པོའི་འགོར་བྱ་བ་མ་གཏོགས་ཐུན་ཐམས་ཅད་ཀྱི་འགོར་མི་བྱའོ། །དེའི་རྗེས་བུམ་ཅན་འཛིན་པ་ལའང་ཐུན་མོང་དང་ཁྱད་པར་བ་གཉིས་ལས། ཐུན་མོང་བའི་བུམ་ཅན་ནི། བརྔུབ་དང་དགང་དང་གཞིལ་བ་དང༌། །མདའ་ལྟར་འཕང་དང་རྣམ་པ་བཞི། །ཞེས་གསུངས་པས། བརྔུབ་པ་ནི་ལུས་གནད་གོང་ལྟར་ལ་རྡོ་རྗེའི་ཁུ་ཚུར་པུས་སྟེང་བཞག མགྲིན་པ་ཅུང་ཟད་དགུ་བས་སྣ་བུག་གཉིས་ཀ་ནས་རླུང་འཇམ་ལ་རིང་ཞིང་སྒྲ་མེད་པར་རྫོགས་པར་བརྔུབས་པ། དགང་བ་ནི་ཁེངས་པར་བརྔུབས་ཟིན་ནས་མཆིལ་མ་དང་བཅས་ཏེ་ལྟེ་འོག་ཏུ་ཧྲིལ་གྱིས་བསྐྱུར་ལ་མནན་ནས་དྲོད་ཅུང་ཟད་ཕེབས་པ་དང་རྒྱབ་རླུང་ཅུང་ཟད་གཅིག་འདྲེན་ལ་ཁ་སྦྱོར་ལྟེ་འོག་ཏུ་མནན། སྟེང་རླུང་ཅུང་ཟད་མ་གོམས་བར་དུ་རྒྱབ་རླུང་ཅུང་ཟད་ལས་མང་བར་མི་འཐེན། གོམས་ནས་རྒྱུ་ཞབས་མི་འགུལ་བར་འོག་རླུང་རྫོགས་པར་དྲངས་ལ་ཁ་སྦྱོར་དུ་མནན་ནོ། །གཞིལ་བ་ནི་རླུང་ཐུབ་ཐད་དུ་བཟུང་ལ་མི་ཐུབ་སྙམ་བྱེད་ན་ལུས་གཅུ་ཞིང་མནན། དེས་ཀྱང་མི་ཐུབ་ན་ཅུང་ཟད་ཕྱིར་བཏང་ནས་རྔུབ་ཆུང་བྱས་ལ་གཡས་གཡོན་དབུས་གསུམ་དུ་དལ་གྱིས་གཅུད་ཅིང་དགང་ངོ༌། །འདིར་མི་ཐུབ་པའི་ཚེ་རླུང་ཅུང་ཟད་བཏང་ནས་རྔུབ་ཆུང་མི་བྱེད་པར་བཞིན་རས་སོགས་ཤིན་ཏུ་དམར་པོར་སོང་ཞིང་མི་ཐུབ་ཀྱང་ནན་གྱིས་བཟུང་ན་རླུང་ཐག་རིང་བ་ལྟར་རེ་ཞིག་འགྱུར་ཡང་ལུས་ཀྱི་ཟུངས་ལ་ཆེས་གནོད་ཅིང༌། ཁྱད་པར་དུ་ཡོན་ཏན་སྐྱེ་བའི་གེགས་དང་རླུང་གི་གེགས་སུ་འགྱུར་བ་སོགས་སྐྱོན་མང་བར་གསུངས་སོ། །དེ་ལྟར་དགང་ཞིང་གཞིལ་བའི་ཚེ་རྩ་གསུམ་འཁོར་ལོ་བཞི་རྩ་ཕྲན་དང་བཅས་པ་ལུག་རྗུད་ཀྱི་རྒྱུ་མ་ཕུས་བཏབ་པ་ལྟར་ཐེར་ཐེར་ཁེངས་པར་བསམ་མོ། །མདའ་ལྟར་འཕང་བ་ནི་ཐུན་འགོར་ལན་རེ་ཙམ་དུ་རླུང་གཏོང་བའི་ཚེ་ལྟག་པ་ཅུང་ཟད་དགྱེ་ལ་སྣ་བུག་གཉིས་ནས་དལ་བུས་བཏང་བའི་རླུང་འཇུག་དྲག་ལ་ཐུང་བར་བུས་པས་རླུང་དབུ་མའི་ཡར་སྣེ་ཚངས་བུག་ཏུ་སྔོ་ཕྱུར་ཕྱུར་སོང་བར་བསམ། འདི་ལན་མང་ན་འཕོ་ཉེན་ཆེའོ། །དེའི་རྗེས་དུས་ཀུན་ཏུ་རླུང་ཚུར་རྔུབ་པ་དང་གཏོང་བའི་ཚེ་སྒྲ་མེད་དལ་བུས་བྱ་ཞིང༌། དེའང་རླུང་བུས་མ་ཐག་བརྔུབས་ནས་འཛིན་ན་རླུང་བུས་པའི་རྟིང་པ་ཅུང་ཟད་ཙམ་མ་རྫོགས་པའི་ཚེ་ཚུར་བརྔུབས་ལ་གོང་ལྟར་འཛིན། དེ་ཡང་དབྱུང་བའི་ཚེ་སྡིག་སྒྲིབ་ནད་གདོན་ཐམས་ཅད་དག་པར་བསམ། རྔུབ་པའི་ཚེ་དུས་གསུམ་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྗེ་དང་བྱིན་རླབས་ཐམས་ཅད་རླུང་གི་རྣམ་པར་རོ་རྐྱང་གི་ལམ་ནས་བརྒྱུད་དབུ་མ་རྩ་འཁོར་དང་བཅས་པ་ཆིལ་ཆིལ་གང་བར་བསམ། རླུང་ཕྱིར་བུས་པའི་ཚེ་ཕྱིའི་ནམ་མཁའ་གསལ་སྟོང་དང་ནང་གི་སེམས་ཉིད་གསལ་སྟོང་བསྲེ་ཞིང༌། ཕྱི་འབྱུང་བའི་རླུང་དང་ནང་སྲོག་རྩོལ་གྱི་རླུང་བསྲེས་པར་བསམས་ཏེ། འཇིག་རྟེན་གསུམ་གྱི་བླ་མ་དཔལ་ལྡན་འབྲི་གུང་པས། རླུང་ཕྱི་ནང་བསྲེ་བ་སྟོང་པའི་གནད། །ཅེས་གསུངས་སོ། །དེ་ལྟར་བུམ་པ་ཅན་ལ་གོམས་པའི་ཚད་ནི་ལག་པ་པུས་མོ་གཉིས་དང་དཔྲལ་བར་རེག་ཅིང་སེ་གོལ་བརྡབས་པ་རྣམས་ལན་རེ་རེར་རྩིས་ལ་བརྒྱ་ཕྲག་གཅིག་བུམ་ཅན་རབ། བརྒྱད་ཅུ་འབྲིང༌། ལྔ་བཅུ་ཐུབ་པ་ཐ་མར་གསུངས་ལ། དེ་དག་བརྒྱ་ཕྲག་ཐུབ་པའང་གསར་བུ་པ་ལ་དགོངས་པ་ཡིན་གྱི་རླུང་ལ་ཆེས་གོམས་པ་ནི་དེ་ལྟར་མིན་ནོ། །ཁྱད་པར་བའི་བུམ་ཅན་ནི། མགོན་པོ་འབྲི་གུང་པས། རླུང་མི་འཛིན་པ་ལྷུག་པར་འཇོག་པ་གནད་ཟབ་ཅེས་གསུངས་པ་ཉམས་སུ་བླང་བ་ནི་རྒྱུ་ཞབས་ཀྱི་ཕྱིའི་པགས་པ་མི་འགུལ་བར་ལྟེ་འོག་ཏུ་ཅུང་ཟད་མནན། ལྟེ་འོག་རྩ་གསུམ་འདུས་མདོར་ཨ་ཡིག་དངུལ་ཆུ་(ལུས་ཀྱི་ཚ་གྲང་དང་བསྟུན་པའི་དམིགས་པ་སུམ་ཁྲིད་ལྟར་སྤོ།) ལྟ་བུ་རླུང་སེམས་འདུས་པའི་ངོ་བོ་ལ་སེམས་གཏད་དེ་རླུང་རྔུབ་འབུད་མི་བྱ་ཞིང་ལུས་སེམས་ཡེ་མི་སྒྲིམ་པར་ལྷོད་ཀྱིས་གློད་ལ་རླུང་སེམས་གཉིས་ཀ་ལྟེ་བའི་ཨ་ལ་མ་ཡེང་བར་གཏད་དོ། །འདི་ཤིན་ཏུ་ཟབ་སྟེ། མགོན་པོ་འབྲི་གུང་པ་ཆེན་པོས། ཁ་སྣའི་རླུང་གྲང་བའི་རང་བཞིན་ཡིན་ལ་བརྔུབས་པས་གྲང་བ་འཇུག དགང་བའི་རླུང་ངོས་མ་ཟིན་པར་བཙིར་བས་མཛེར་འགྱུར། གཞིལ་བའང་གོང་དང་འདྲ། མདའ་ལྟར་འཕང་ཞིང་ཐབས་ལམ་ལ་རྩོལ་བ་དྲག་པོ་བྱས་པས་འཕོ་བར་འགྲོ་བ་མ་ཤེས་པ་ཡིན་གསུངས། དེས་ན་གཏུམ་མོ་སོགས་དམིགས་བསལ་གྱི་ཚེ་སྦྱོར་བ་བཞི་ལྡན་སྔ་མ་ལྟར་བྱ། དུས་ཀུན་ཏུ་རླུང་གནད་ཕྱི་མ་ཉིད་ཉམས་སུ་བླང་བ་ཡོན་ཏན་མྱུར་ལ་གེགས་ཉུང་བ་ཡིན་ནོ། །གསུམ་པ་ཐིག་ལེ་སྦྱང་བ་ནི། དབུ་མ་ནས་རྩ་གཅིག་གྱེས་པ་སྨིན་མཚམས་སུ་ཟུག་པའི་སྣེ་རྩ་སྦུག་ཟུར་གསུམ་པའི་ནང་དུ་རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་འཚེར་སྣུམ་པ་སྲན་མ་འབྲིང་པོ་ཙམ་ཞིག་གསལ་བཏབ། དེ་གསལ་བ་ན་རླུང་རྔུབ་པའི་ཚེ་ལྕགས་སྦུབས་སུ་སྲན་མ་བསྒྲིལ་བ་ལྟར་སེང་སྒྲ་དང་བཅས་དབུ་མར་ཞུགས་ནས་སྤྱི་བོའི་རྩ་འཁོར་གྱི་དབུས་སུ་སླེབས། རླུང་བཟུང་བའི་ཚེ་དེར་གནས་པ་ལ་རླུང་སེམས་གཟུང༌། དེ་ལ་གོམས་པས་རླུང་སེམས་དེར་གནས་པ་ལས་གཞན་དུ་མི་འཕོ་ན། མགྲིན་པ་སྙིང་ག་ལྟེ་བ་གསང་གནས་རྣམས་སུའང་རིམ་གྱིས་སྦྱང༌། དེ་ལ་གོམས་ནས་གནས་རྣམས་སུ་རླུང་ཁུག་ལྔའམ་བདུན་ཏེ་རིམ་གྱིས་སྦྱངས་ཤིང་རླུང་འབུད་པའི་ཚེ་སྨིན་མཚམས་ཉིད་དུ་གནས་པར་བསམ་མོ། །དེ་ལྟར་སྦྱང་བ་གསུམ་གྱི་གེགས་སེལ་དང་བོགས་འདོན་ལུས་སྦྱོང་གི་འཁྲུལ་འཁོར་ནི་གསུམ། ཕྱི་ལུས་ཀྱི་ཡན་ལག་ལྔའི་རྩ་སྦྱང་བ། ནང་རྩ་གསུམ་འཁོར་ལོ་བཞིའི་རྩ་མདུད་དགྲོལ་བ། དེ་དག་གི་ཚེ་རླུང་སེམས་ཟིན་ནས་བདེ་དྲོད་འབར་ཚེ་ལུས་རྔུལ་ན་དེ་ཉིད་དགྲམ་པ་དང་གསུམ་མོ། །དང་པོ་ཡན་ལག་ལྔ་སྦྱོང་ནི། །ལུས་གནད་རྣམ་སྣང་ཆོས་བདུན་ལ། །རྡོ་རྗེའི་ཁུ་ཚུར་པུས་སྟེང་བསྒྲེང༌། །སྦྱོར་བཞི་རླུང་གི་གནད་ལྡན་པས། །ལག་གཡོན་སྒྲེང་བ་གཡས་པ་ཡིས། །ལན་གསུམ་འཕུར་ཞིང་གཡས་པ་ལའང༌། །ཕྱག་རྒྱ་དེ་བསྒྱུར་ལན་གསུམ་བཤུད། །ཐལ་རྡེབ་གདོང་དང་ལུས་རྒྱབ་མདུན། །ལན་གསུམ་ཕུར་ལ་རྐང་པ་གཡས། །འབེབས་བཅས་བརྐྱང་བ་ལག་གཉིས་ཀྱིས། །ལན་གསུམ་ཕུར་ཞིང་གཡོན་པ་ལའང༌། །དེ་བཞིན་བྱས་རྗེས་རྡོར་སྐྱིལ་བཅའ། །ལག་གཉིས་ཁུ་ཚུར་སྟ་ཟུར་དུ། །བཞག་ལ་འབེབས་གསུམ་མཐར་ཧ་སྤྲུག གཉིས་པ་ནཱ་རོ་དྲུག་སྐོར་ནི། ལུས་གནད་རླུང་འཛིན་གོང་ལྟར་ལས། །སྐེད་པ་གཡས་གཡོན་བསྐོར་བ་ཡིས། །ལྟེ་བའི་རྩ་མདུད་བཤིག་པར་བྱེད། །གྲུ་དཔུང་ཕྱི་ནང་གཅུས་པ་ཡིས། །སྙིང་གའི་རྩ་མདུད་བཤིག་པར་བྱེད། །སྐེ་ནི་གཅུད་སྐོར་བསྡམས་པ་ཡིས། །མགྲིན་པའི་རྩ་མདུད་བཤིག་པར་བྱེད། །མགོ་བོ་བསྐོར་ཞིང་བཅག་པ་ཡིས། །སྤྱི་བོའི་རྩ་མདུད་བཤིག་པར་བྱེད། །ཡན་ལག་བཞི་ཡི་བརྐྱང་བསྐུམ་གྱིས། །ཚིགས་ཀྱི་རྩ་རྣམས་དུལ་བར་བྱེད། །མགོ་ལུས་མེད་པར་ཕུར་བ་ཡིས། །ལུས་ཀྱི་རྩ་རྣམས་གྲོལ་བར་བྱེད། །ཅེས་སོ། །གསུམ་པ་སོ་བདུན་མ་ནི། ལུས་གནད་རླུང་འཛིན་སྔར་ལྟར་ལ། །དབུས་དང་གཡས་གཡོན་སྐེད་སྐོར་ནི། །དྲུག་གསུམ་བཅོ་བརྒྱད་མདའ་འགེངས་དྲུག །ཞགས་སྐྱུར་དཔུང་རྡེག་དྲུག་དྲུག་སྟེ། །སོ་དྲུག་འབེབས་དང་སོ་བདུན་ནོ། །ཞེས་པ་རྣམས་ཀྱི་ལག་ལེན་མཐོང་རྒྱུད་ལྟར་མ་འཕྱུགས་པར་ཉམས་སུ་བླང་ངོ༌། །གཉིས་པ་དངོས་གཞི་ལ་གསུམ། གཏུམ་མོ་མ་ཟིན་པ་ཟིན་པར་བྱེད་པ། ཟིན་པ་བརྟན་པར་བྱེད་པ། བརྟན་པ་བོགས་དབྱུང་བ་དང་གསུམ་མོ། །དང་པོ་ནི། ལུས་གནད་ཙོག་པུ་ལ་རྐང་པ་གཡོན་པའི་མཐིལ་འཕོངས་ཚོས་གཡས་སུ་གཏད། གཡས་དེའི་ཕྱི་ནས་བསྣོལ་བ་འཕོངས་ཚོས་གཡོན་དུ་གཏད། འཕོངས་ཀྱི་འོག་ཏུ་གོས་སོགས་འབོལ་བའི་སྟེགས་ཅུང་ཟད་བཞག སྒོམ་ཐག་བཞི་ཁུག་ལ་ཁྲུ་གང་སོར་བཞི་ཡོད་པའམ། ཁྲུ་གང་མཛུབ་གང་པའམ། ཉིས་བལྟབས་ཀྱིས་མགོ་ལ་བསྐོར་བས་འཆང་གང་ལྷག་པ་རྣམས་གང་རན་རབ་གནས་བྱས་པ་རྣལ་འབྱོར་མའི་ངོ་བོར་མོས་པ་སྐེད་པ་དང་པུས་འོག་ཏུ་བཅིང༌། ལག་པ་ལྟེ་འོག་ཏུ་མཉམ་བཞག་སྒོམ་ཐག་གི་འོག་ཏུ་བཅའ། གཞན་རྣམས་བསམ་གཏན་གྱི་ཡན་ལག་སྔར་དང་འདྲ་བས་དུས་ནི་ཧ་ཅང་འགྲངས་པ་དང༌། ལྟོགས་པ་དང༌། ཉིན་མཚན་གྱི་གུང་གཉིས་དང༌། ངལ་ཞིང་དུབ་པའི་སྐབས་རྣམས་སུ་མི་བསྒོམ་ལ། དུས་དེ་རྣམས་མ་ཡིན་པའི་ཚེ་ལུས་ཕྱི་དབྱིབས་རྣལ་འབྱོར་མར་གསལ་བའི་ཁོང་པར་རྩ་གསུམ་འཁོར་ལོ་བཞི་སོགས་གོང་ལྟར་གསལ་བའི་ལྟེ་འོག་སོར་བཞི་རྩ་གསུམ་འདུས་མདོར་གཏུམ་མོ་ཨ་ཐུང་བསྒོམ་པ་ལའང༌། ལ་ལས་ཐིག་ལེའི་རྣམ་པ། ལ་ལས་ཡི་གེ་ཨ། ལ་ལས་ཨ་ཤད་སྐྱེར་ཚེར་བཅད་པ་ལྟ་བུའི་བཅད་ཁ་སྟེང་དུ་བསྟན་པ་སོགས་ཡོད་ཀྱང༌། འདིར་རང་ལུགས་ལ་གཏུམ་མོ་ཨ་ཐུང་ཡི་གེ་དབུ་ཅན་གྱི་ལག་པ་གཡོན་པའི་དབྱིབས་ལྟ་བུ་སྦོམ་པ་ཐུར་དང་རྩེ་མོ་གྱེན་དུ་ཕྱོགས་པ་དབྱིབས་གྲུ་གསུམ་པ་དཔངས་སོར་གཅིག་ཙམ། དེའང་རང་གི་མ་ལས་ཐོབ་པའི་དམར་ཆའི་དྭངས་མ་སྟེ། ཁ་དོག་དམར་བ། རེག་བྱ་ཚ་བ། ངོ་བོ་བདེ་བ། རྩེ་མོ་རྣོ་ཞིང་འཁྱོགས་པ་སྟེ་མཚན་ཉིད་བཞི་ལྡན། ཡང་ན་ངོ་བོ་དམར་ཆ། རྣམ་པ་མེ། རེག་བྱ་ཚ་བ། ཉམས་བདེ་བ་སྟེ་མཚན་ཉིད་བཞི་ལྡན། དེའང་ཤིན་ཏུ་ཕྲ་བ་དེའི་འོད་ཀྱིས་ལུས་ཐམས་ཅད་དྲོ་ཞིང་བདེ་བར་ནུས་པ། ཁྱད་པར་ལྟེ་འོག་ཏུ་ཚ་རེག་མི་བཟོད་པ་ཙམ་དུ་ཡོད་པར་བསམ། སྔར་ལྟར་རླུང་བུམ་པ་ཅན་བཟུང་བའི་སྣ་བུག་གི་རླུང་གཉིས་རོ་རྐྱང་ནས་བརྒྱུད་ཨ་ཤད་ལ་ཕོག་པས་སོལ་མེ་ལ་སྦུད་པ་བུས་པ་ལྟར་དམར་འུར་འུར་ཡོད་པ་ལ་སེམས་གཏད། དེའང་དམིགས་རྟེན་ཙམ་མ་ཡིན་པ་སེམས་དངོས་གཏུམ་མོ་ལ་ཞུགས་པ་ལྟ་བུར་སོང་བ་ལ་མ་ཡེང་བར་ཡུན་རིང་དུ་རླུང་སེམས་དེར་བཟུང་ལ་བསྒོམ། འདི་གཏུམ་མོ་ཉམས་ལེན་གྱི་རྩ་བ་ཡིན་པས་དམིགས་པ་དེར་མ་གཏད་ཀྱང་རླུང་སེམས་དེར་རྩོལ་མེད་དུ་ཟིན་ཅིང་དྲོད་རྙེད་པ་ཞིག་མ་བྱུང་བར་དུ་འབད་པས་སྒོམ་པ་གལ་ཤིན་ཏུ་ཆེའོ། །གཉིས་པ་ཟིན་པ་བརྟན་པར་བྱེད་པ་ནི། ལུས་གནད་གོང་ལྟར་མེ་ཐབ་དྲུག་བཅིངས་དང་ལྡན་པས་རླུང་རྔུབ་དགང་གཞིལ་གསུམ་བྱས་མ་ཐག་རོ་རྐྱང་གི་རླུང་ཨ་ཤད་ལ་ཕོག་པས་མེ་ལྕེ་སོར་བཞི་ཙམ་ཕྲ་སྦོམ་མོ་ཁབ་ཙམ་ལ་དབྱིབས་གཟུགས་མོ་བྱི་ཐུར་ལྟར་རྩ་རྩེ་ཕྲ་ཞིང་སྐེད་པ་སྦོམ་པར་འབར་བ་ལ་སེམས་གཏད། སླར་ཡང་རླུང་རྔུབ་དགང་བྱས་པས་མེ་ལྕེ་དེ་ཉིད་ལས་མེ་ལྕེ་ཆད་པ་ལུག་རིལ་ཙམ་དང༌། མཐེ་བོང་ཙམ་དང༌། བྱ་མ་གསར་གྱི་སྒོ་ང་ཙམ་པ་འགའ་ཟུང་ཆད་པས་ལྟེ་བའི་རྩ་འཁོར་གྱི་དབུས་སུ་དམར་རམ་མེ་བ་ལ་རླུང་སེམས་འཛིན་ཅིང༌། མེ་ལྕེ་དེ་དག་ཐམས་ཅད་ཀྱང་སའི་རང་བཞིན་རྩུབ་ལ་སྲ་ཞིང་བརྟན་པ། ཆུའི་རང་བཞིན་སྣུམ་ཞིང་གཤེར་བ། མེའི་རང་བཞིན་ཚ་ཞིང་སྲེག་པ། རླུང་གི་རང་བཞིན་གཡོ་ཞིང་འབར་བ་སྟེ་མཚན་ཉིད་བཞི་ལྡན་དུ་བསམ། འདིའི་སྐབས་སུ་རླུང་དགང་བའི་ཚེ་རོ་རྐྱང་གི་རླུང་གིས་ཧ་ཤད་ལས་མེ་ལྕེ་སྦར་བར་བསམ། གཞིལ་བའི་ཚེ་རླུང་ལྷག་མ་རྣམས་ཨ་ཤད་ལ་ཐིམ་པར་བསམ། དབྱུང་བའི་ཚེ་ཨ་ཤད་ཀྱི་རྩེ་མོ་ནས་རླུང་ཐོན་པ་དྲོད་དང་བཅས་དབུ་མའི་ནང་དུ་སོང་བར་བསམ། དམིགས་རླུང་འདི་རྣམས་བདེ་དྲོད་ཀྱི་རྨང་རྡོ་ལྟ་བུ་ཡིན་པས་རང་ལུས་ལ་བདེ་དྲོད་ཀྱི་ཡོན་ཏན་ཨེན་ཙམ་མ་སྐྱེས་ཀྱི་བར་དུ་འདི་ཁོ་ན་ལ་འབད་དགོས་ཀྱི། འདིར་ཡོན་ཏན་མ་སྐྱེས་པར་བོགས་འདོན་ལ་འབད་ཀྱང་མྱུ་གུ་མ་སྐྱེས་པར་སྡོང་པོ་སོགས་མི་འབྱུང་བ་བཞིན་ནོ། །གསུམ་པ་བོགས་འདོན་ལ་གསུམ། དྲོད་བོགས་འདོན། བདེ་བ་བོགས་འདོན། མི་རྟོག་པ་བོགས་འདོན་པའོ། །དང་པོ་ལ་གཉིས། དམིགས་པ་དང་འཁྲུལ་འཁོར་རོ། །དང་པོ་ལའང་གསུམ། ནང་ལུས་ལ་སྦར་བ། ཕྱི་ཡུལ་ལ་སྦར་བ། ཕྱི་ནང་གཉིས་མེད་དུ་སྦར་བའོ། །དང་པོ་ནང་ལུས་ལ་སྦར་བ་ནི། ལུས་གནད་དང་རླུང་སྦྱོར་སྔ་མ་ལྟར་ལ་རོ་རྐྱང་གི་རླུང་གིས་སྦུད་པས་ཨ་ཤད་ལས་མེ་ཆེར་འབར་བས་དབུ་མའི་ནང་བརྒྱུད་ལྟེ་བར་སླེབས་པར་འབར་བར་བསམ། དེ་བཞིན་དུ་རླུང་ཁུག་རེ་རེའམ་གསུམ་ལྔ་བདུན་སོགས་གྲངས་དང་བསྟུན་ནས་རིམ་གྱིས་སྙིང་ག་དང༌། མགྲིན་པ་དང༌། སྤྱི་བོའི་བར་དུ་མེ་ལྕེ་འབར་བར་བསམ། ཡང་ལྟེ་བའི་རྩ་འཁོར་མེས་གང་བའི་མེ་ལྕེ་རྒྱ་ཁབ་ཙམ་ལྟེ་བའི་རྩ་འདབ་རྣམས་ཀྱི་ནང་དུ་སོང་བ་སོ་སོར་གྱེས་པས་ལུས་སྨད་ཀྱི་བ་སྦུའི་ཁུང་བུ་ཐམས་ཅད་ཀྱང་མེས་དམར་ཆིལ་ཆིལ་གང་བར་བསམ། དེ་བཞིན་དུ་སྙིང་མགྲིན་སྤྱི་བོའི་བར་སྦྱར་ལ་ལུས་ནང་ཐམས་ཅད་མེ་ལྕེས་དམར་འུར་འུར་གང་ཞིང་འབར་བར་བསམས་ལ་རླུང་སེམས་རྩ་བའི་ཨ་ཐུང་ཁོ་ན་ལ་གཏད་དོ། །དེས་དྲོད་སྐྱེ་བར་དཀའ་ན་ལུས་གནད་གཞན་སྔ་མ་ལྟར་ལ་ལག་མཐིལ་གཉིས་ཀྱིས་གྲུ་མོ་གཉིས་བཀབ། གྲུ་ཁུག་གཉིས་ཀྱིས་པུས་མོ་གཉིས་བཀབ་ལ་རླུང་བཟུང་ཞིང་རླུང་མི་ཐུབ་པའི་ཚེ་རྔུབ་ཆུང་གསུམ་རེ་བྱས་ལ་རིམ་པས་ལྟེ་འོག་གི་གཡས་གཡོན་མདུན་གསུམ་དུ་གཅུད་ཅིང་མནན། བར་རླུང་རྒྱུན་དུ་གཟུང༌། དེས་ཀྱང་དྲོད་སྐྱེ་བར་དཀའ་ན་གོང་ལྟར་ལུས་གནད་རླུང་རྩོལ་དང་བཅས་པའི་ངང་ནས་རོ་རྐྱང་གི་རླུང་གིས་ཨ་ཤད་ལ་མེ་ཆེར་སྦར། རྩ་གསུམ་འཁོར་ལོ་བཞི་གང༌། དེ་ལས་བ་སྤུའི་བུ་ག་ཐམས་ཅད་ཀྱང་མེས་གང༌། ལུས་ནང་ནས་ཕྱིར་འཕྲོས། བ་སྤུའི་བུ་ག་རྣམས་ནས་མེ་རི་དྭགས་ཀྱི་སྤུ་ལྟ་བུས་མགོ་ལུས་ཐམས་ཅད་གཡོགས་པས་གོས་གྱོན་པ་ལྟ་བུར་བསམ། ཡང་རེས་འགའ་ཨ་ཤད་ལས་མེ་ཆེར་འབར་བ་ཤིན་ཏུ་ཚ་བའི་དུད་པ་དང་བཅས། དབུ་མ་ནས་ཚངས་བུག་ཏུ་ཐོན་པ་གདུགས་ལྟར་ཁ་འོག་ཏུ་ཕྱོགས་པ་དང༌། མེ་ལྕེ་ཐུར་དུ་ཕྱོགས་པ་འོག་སྒོ་ནས་ཐོན་ཏེ་པདྨའི་འདབ་མ་ལྟར་ཁ་གྱེན་དུ་ཕྱོགས་པ་གཉིས་སྐེད་པའི་ཐད་དུ་ཕྲད་པས་རང་ལུས་མེའི་གའུ་ཁ་སྦྱོར་གྱི་ནང་དུ་ཚུད་པར་བསམ་མོ། །གཉིས་པ་ཕྱི་ཡུལ་ལ་སྦར་བ་ནི། ལུས་རླུང་སྔར་ལྟར་ལ་ལྟེ་བའི་ཨ་ཤད་ལས་མེ་ཆེར་སྦར་བས་ལུས་ཐམས་ཅད་ལ་འབར་བའི་མེ་ལྕེ་བུ་ག་དགུ་ནས་ཐོན་པས་དང་པོ་གནས་ཁང༌། དེའི་རྗེས་ཡུལ་གྲུ། མཐར་འཛམ་གླིང༌། དེ་ནས་གླིང་བཞི་གླིང་ཕྲན་དང་བཅས་པ་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཐམས་ཅད་མེ་ལྕེ་གཅིག་ཏུ་འབར་བ་བསྐལ་པའི་མེ་ལྟར་འུར་ཆེམ་གྱི་སྒྲ་དང་བཅས་ཏེ་འབར་བར་བསམ་མོ། །གསུམ་པ་ཕྱི་ནང་གཉིས་མེད་དུ་སྦར་བ་ནི། ལུས་རླུང་སྔར་ལྟར་ལ་ཨ་ཤད་ལས་མེ་སྦར་བས། ལུས་ཕྱི་ནང་ཐམས་ཅད་མེའི་གོས་གྱོན་པ་ལྟར་གྱུར། ཕྱི་རོལ་ཕྱོགས་བཞི་ནས་ཤིན་ཏུ་ཚ་བའི་ཚ་ཟེར་དང་བཅས་པའི་ཉི་མ་བཞི་ཤར་བའི་འོད་ཟེར་དང་རང་ལུས་ཀྱི་མེ་ལྕེ་འདྲེས་པས་དབྱེར་མེད་དུ་འབར་ཞིང་རང་ལུས་ལྕགས་བསྲེགས་པ་ལྟར་དམར་ཞིང་ཚ་བར་གྱུར་པར་བསམ། དེ་ལྟར་མེ་དམིགས་ཐམས་ཅད་ཀྱི་དུས་རང་ལུས་ལ་ཤིན་ཏུ་ཚ་བའི་དྲོད་འབར་ཞིང་མི་བཟོད་པ་ཙམ་དུ་གྱུར་པར་བསམ་མོ། །གཉིས་པ་ནི། དེ་རྣམས་ཐུན་མོང་དུ་དྲོད་ཀྱི་འཁྲུལ་འཁོར་བྱ་བ་ནི་གསུམ། རྒྱ་གར་གངས་སེང་མ། གཙུབ་ཤིང་མེའི་འཁོར་ལོ། །གངས་སེང་རྩ་བ་ཡན་ལག་གི་འཁྲུལ་འཁོར་དང་གསུམ། དང་པོ་ནི། མཉམ་མེད་མི་ལའི་དགོངས་པ་མཆོག རྒྱ་གར་གངས་སེང་འཁྲུལ་འཁོར་ནི། མེ་ཐབ་དྲུག་བཅིངས་བུམ་ཅན་ལས། །སྐེད་པ་གཡས་གཡོན་བསྐོར་བ་དང༌། །གྲུ་དཔུང་གཅུ་ཞིང་རྒྱབ་མདུན་དུ། །འཕུལ་འཐེན་འབེབས་རྣམས་གསུམ་གསུམ་བྱ། །དྲོད་ཀྱི་འཁྲུལ་འཁོར་དང་པོའོ། །གཉིས་པ་ནི། འཇིག་རྟེན་མགོན་པོའི་ཁྱད་པར་ཆོས། །གཙུབ་ཤིང་མེ་ཡི་འཁོར་ལོ་ནི། །ཙོག་པུ་རྐང་བསྣོལ་སྲིན་ལག་གིས། །རྐང་མཐེབ་བཟུང་ཞིང་སྐེད་སྐོར་དང༌། །དཔུང་པ་གཟེངས་དབབ་རྡེག་འཚོག་ཀུན། །གསུམ་གསུམ་བྱ་བའི་ལུས་གནད་ནི། །དྲོད་ཀྱི་འཁྲུལ་འཁོར་གཉིས་པའོ། །གསུམ་པ་ནི། རྒྱལ་དབང་ཀུན་དགའི་དགོངས་པ་མཆོག །གངས་སེང་རྩ་བ་ཡན་ལག་གི། །འཁྲུལ་འཁོར་གཅིག་ཏུ་དྲིལ་བ་ནི། ལུས་གནད་མེ་ཐབ་དྲུག་བཅིངས་ལ། །རླུང་གནད་སྦྱོར་བཞི་བུམ་པ་ཅན། །སྐེད་སྐོར་པུས་གཟུར་དཔུང་འབེབས་དང༌། །འཕུལ་འཐེན་འབེབས་རྣམས་གསུམ་གསུམ་བྱ། །དྲོད་ཀྱི་འཁྲུལ་འཁོར་གསུམ་པའོ། །ཞེས་པ་ལྟར་གནད་མ་འཕྱུགས་པར་བྱ། དྲོད་ཀྱི་གེགས་རྔུལ་ཆུ་འཛག་ན་སྲན་ཕྱེས་འཕུར་ཞིང་མི་བསྐྱོད་པས་ཁྲུས་བྱ། དེས་ཀྱང་མ་ཕན་ན་སྔར་བཤད་པ་ལྟར་རྔུལ་དགྲམ་པའི་འཁྲུལ་འཁོར་སོ་བདུན་མ་ལ་འབད་དོ། །དེ་ལྟར་འབད་པས་དྲོད་སྐྱེ་ལུགས་ཀྱང་གློ་བུར་དུ་ལུས་ཐམས་ཅད་ཚ་འུར་དུ་བྱེད་པ་ནི། དྲོད་ཆེ་བ་ལྟར་སྣང་ཡང་མི་བརྟན་ཅིང་གེགས་མང་ལ། ཐོག་མར་ལྟེ་འོག་ཚ་ཆིལ་བྱེད། དེའི་རྗེས་ལྟེ་བ་ནས་རིམ་གྱིས་མཆེད་དེ་ལུས་ཐམས་ཅད་ལ་དྲོད་གདུང་བ་མེད་པར་བདེ་ཉམས་དང་བཅས་འབར་བ་ནི་ཡོན་ཏན་སྐྱེ་བ་སྟེ་དྲོད་རྣལ་མའོ། །དེའང་རླུང་འཁྲུལ་འཁོར་དྲག་པོས་བཙན་ཐབས་སུ་དྲོད་སྐྱེས་པ་ནི་གནས་སྐབས་སུ་མྱུར་བ་ལྟར་སྣང་ཡང་ཡོན་ཏན་མི་སྐྱེ་ཞིང་དགོས་པ་ཆུང་ལ། དམིགས་པ་དང་འཇམ་རླུང་ལ་བརྟེན་ནས་དྲོད་རིམ་ཅན་དུ་དལ་བུས་སྐྱེས་པ་ནི་ཡོན་ཏན་བརྟན་ཅིང་དགོས་པ་ཆེ་བ་ཡིན་ནོ། །འདི་ལའང་དྲོད་སྐྱེ་བའི་ཚེ་ཤ་པགས་མཚམས་ནས་དྲོད་འབར་བ་དང༌། ལུས་ངེས་མེད་དུ་དྲོད་སྐྱེ་བ་དང༌། ཚ་འུར་གྱིས་འབར་བ་རྣམས་མེ་རླུང་བཙན་ཐབས་སུ་འབར་བའི་དྲོད་ཡིན་པས་གྱི་ནར་བས་ལ། དང་པོ་ཨ་ཤད་ཀྱི་ཐད་སོ་ནས་དྲོད་ཅུང་ཟད་ནང་དུ་སྐྱེས་ནས་དེ་དག་བུལ་བའི་ཚུལ་གྱིས་དལ་བུས་དམིགས་རིམ་ལྟར་འཁོར་ལོ་སོ་སོ་ནས་མུ་ཅན་དུ་དྲོད་འཇམ་པོར་སྐྱེས་ཏེ། མཐར་ཚ་གདུང་མེད་པའི་དྲོ་འཇམ་གྱིས་ལུས་ཁྱབ་པ་ནི་གཏུམ་མོའི་དྲོད་ཡིན་པས་འདིས་བྱང་སེམས་དཀར་དམར་འཕེལ་བའི་གྲོགས་བྱེད་དོ། །གཉིས་པ་བདེ་བ་བོགས་འདོན་ལ་གསུམ། འབར་འཛག་ལ་དམིགས་པ། དགའ་བཞི་ལ་དམིགས་པ། ཞུ་བདེ་ལ་དམིགས་པའོ། །དང་པོ་འབར་འཛག་ལ་དམིགས་པ་ནི། ལུས་གནད་དང་རླུང་འཛིན་གོང་ལྟར་བྱས་པས་སྤྱི་བོའི་རྩ་འཁོར་གྱི་དབུས་ཚངས་བུག་གི་ཐད་དུ། བྱང་སེམས་དཀར་པོའི་རང་བཞིན་ཐིག་ལེ་ཡུངས་འབྲུ་ཙམ་ཞིག་དཀར་འཚེར་སྣུམ་བག་དང་ལྡན་པ་ཡོད་པ། རོ་རྐྱང་གི་རླུང་གིས་ཨ་ཤད་སྦར་བས་མེ་ལྕེ་སོར་བཞི་ཙམ་འབར་བའི་དྲོད་ཀྱིས་སྤྱི་བོའི་ཐིག་ལེ་ཞུ་ནས། དབྱིབས་ཟླ་ཚེས་ཐིག་ལེ་ནཱ་ད་དང་བཅས་པའི་ཧཾ་ཡིག་མགོ་ཐུར་བསྟན་གྱི་རྣམ་པ། ཕྲ་སྦོམ་ནས་འབྲུ་ཙམ་ལ། རིང་ཐུང་སོར་གང་ཙམ་སྣུམ་ཞིང་དཀར་ལ་འོད་འཚེར་བར་གྱུར་པར་བསམ། སླར་རོ་རྐྱང་གི་རླུང་གིས་ཨ་ཤད་སྦུད་པས་མེ་ཆེར་འབར་བས་གཡོན་ཟླ་བའི་རྒྱུ་བ་བཀག་སྟེ་རོ་མའི་ནང་དུ་ཡར་འབར། སྙིང་གའི་ཐད་དུ་སླེབ་ཚེ་དབུ་མའི་ནང་དུ་འཁྱོགས་ཏེ། སྙིང་གའི་རྩ་འདབ་ཀྱི་དབུས་སུ་བུཾ། ཕྱོགས་ཀྱི་རྩ་འདབ་བཞིའི་མདུན་དུ་ཧཱུྂ། གཡོན་དུ་ཁཾ། རྒྱབ་ཏུ་ཛྲིཾ། གཡས་སུ་ཨཾ་རྣམས་རྩ་མདུད་ཀྱི་རྣམ་པར་ཡོད་པ་བཀྲོལ། སླར་མེ་ལྕེ་མར་བབ་ནས་ལྟེ་འོག་ཏུ་སླེབ་ཚེ་གཡས་ཉི་མའི་རྒྱུ་བ་བཀག་ནས་རྐྱང་མའི་ནང་དུ་འབར་བ་མགྲིན་པའི་ཐད་དུ་སླེབ་ཚེ་དབུ་མའི་ནང་དུ་འཁྱོགས་ཏེ་འབར་བས། མགྲིན་པའི་རྩ་འདབ་ཀྱི་དབུས་སུ་ལཱཾ། ཕྱོགས་ཀྱི་རྩ་འདབ་བཞིར་བཱཾ་མཱཾ་པཱཾ་ཏཱཾ་རྣམས་རྩ་མདུད་ཀྱི་རྣམ་པར་གནས་པ་བཀྲོལ། མེ་དེ་ཉིད་གཡས་གཡོན་ཉི་ཟླའི་རྒྱུ་བ་བཀག་སྟེ་དབུ་མའི་ནང་དུ་ཆེར་འབར་བས་འཁོར་ལོ་འོག་མ་གསུམ་རིམ་གྱིས་བགྲོད་དེ། སྤྱི་བོའི་རྩ་འདབ་ཀྱི་དབུས་སུ་འབར་བའི་ཚེ་ཧཾ་ལས་དཀར་ཆ་འོ་མའི་རྒྱུན་ལྟར་ཟགས་པ་མེ་དང་འཕྲད་དུ་ཉེ་བ་ན་མེ་ལྕེ་མགྲིན་པར་བབ། དཀར་ཆ་འཛག་པ་མགྲིན་པར་སླེབས་པ་ན་མེ་སྙིང་གར་བབ། དཀར་ཆ་སྙིང་གར་འཛག་པ་ན་མེ་ལྟེ་བར་བབ། དཀར་ཆ་ལྟེ་བའི་འཁོར་ལོའི་དབུས་སུ་སླེབས་པ་ན་མེ་ཨ་ཤད་ལ་ཐིམ་པ་ལ་སེམས་གཏད། སླར་རླུང་བཟུང་བའི་ཚེ་རོ་རྐྱང་ནས་བུས་པས་ཨ་ཤད་ལས་དམར་ཆའི་རང་བཞིན་ཅན་གྱི་མེ་དམར་ཞིང་ཚ་བ་འབར་བ་ལྟེ་བའི་འཁོར་ལོའི་དབུས་སུ་སླེབ་ཚེ་དཀར་ཆ་ཡར་ལྡོག་སྙིང་གར་སླེབས། མེ་སྙིང་གར་སླེབ་ཚེ་དཀར་ཆ་མགྲིན་པ། མེ་མགྲིན་པར་སླེབ་ཚེ་དཀར་ཆ་སྤྱི་བོའི་ཧཾ་ལ་ཐིམ་ཞིང་མེའང་རིམ་གྱིས་སྨད་ནས་ཨ་ཤད་ལ་ཐིམ་པར་བསམ་མོ།