༄༅། །ཚེ་དཔག་མེད་ཀྱི་སྒོ་ནས་བརྟན་བཞུགས་ཀྱི་ཆོ་ག་མི་ཤིགས་སྲོག་གི་ཀ་བ་ཞེས་བྱ་བ་བཞུགས་སོ།།

བླ་མ་དང་ལྷག་པའི་དཔལ་ལ་ཕྱག་འཚལ་ལོ། འདིར་མ་གཅིག་གྲུབ་པའི་རྒྱལ་མོ་ནས་ཉེ་བར་བརྒྱུད་པའི་ཚེ་དཔག་མེད་ལྷ་གཅིག་བུམ་གཅིག་ལ་བརྟེན་ནས་རྡོ་རྗེ་སློབ་དཔོན་ལ་བརྟན་བཞུགས་འབུལ་ཞིང་སྐུ་ཚེ་རིང་བའི་རྟེན་འབྲེལ་བསྒྲིགས་པ་ལ། སྟེགས་མཐོ་བར་མཎྜལ་པདྨ་འདབ་བཞིའི་ཁར། ཚེ་གཏོར་བུམ་གཟུགས་སྤྱི་འགྲོ་རྒྱན་དང་ལྡན་པ་དང༌། གཡས་སུ་ཚེ་ཆང༌། གཡོན་དུ་ཚེ་རིལ། མཆོད་གཏོར་པདྨ་འདབ་བརྒྱད་དམར་པོའི་བརྒྱན་ལྡན། བདག་མདུན་གྱི་མཆོད་པ་ཆུ་བཞི་སྔོན་དུ་འགྲོ་བའི་ཉེར་སྤྱོད། བརྟན་བཞུགས་ཀྱི་སྐབས་དགོས་པའི་མཎྜལ་ཚོམ་བུས་བརྒྱན་པ་དར་སྣ་ལྔའི་ཅོད་པན་ཅན། སྐུ་གསུང་ཐུགས་རྟེན་རིགས་ལྔའི་ཕྱག་མཚན། རྒྱལ་སྲིད་སྣ་བདུན། རྫས་བརྒྱད། ཚོགས་ཀྱི་ཡོ་བྱད་བཅས་བཤམས། སྒྲུབ་པོ་རྣམས་སྟན་ལ་འཁོད་ནས། ༈ གྲུབ་རྒྱལ་ཚེ་སྒྲུབ་ཀྱི་བརྒྱུད་འདེབས་ནི། ན་མོ་གུ་རུ། ཆོས་སྐུ་མི་འགྱུར་མགོན་པོ་ཚེ་དཔག་མེད། །འཆི་མེད་རིག་འཛིན་མངའ་བརྙེས་གྲུབ་པའི་རྒྱལ། །རང་སེམས་མངོན་གྱུར་རྗེ་བཙུན་གསང་སྔགས་སྡོང༌། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །རས་ཆུང་རྡོར་གྲགས་བཞད་པ་རྡོ་རྗེ་དང༌། །ཟླ་འོད་གཞོན་ནུ་དཔལ་ལྡན་ཕག་གྲུའི་མཚན། །མཉམ་མེད་རིན་ཆེན་སྤྱན་སྔ་གྲགས་འབྱུང་ལ། །གསོལ་བ་འདེབས་སོ༴   །རྒྱལ་བ་ཡང་དགོན་རིན་ལྡན་ཟུར་ཕུག་པ། །ཆོས་རྗེ་འབའ་ར་ཟད་པ་རིན་ཆེན་རྒྱལ། །བྲག་ཐོག་རྡོར་གདན་ཀུན་དགའ་རྣམ་རྒྱལ་ཞབས། །གསོལ་བ༴   །ངག་གི་དབང་པོ་ཆོས་གྲུབ་སེང་གེ་དང༌། །ཞྭ་དམར་ཆོས་གྲགས་མཁན་ཆེན་ཤེས་རབ་དཔལ། །ཀུན་དགའ་རྒྱལ་མཚན་ཆོས་རྒྱལ་ཕུན་ཚོགས་མཚན། །གསོལ་བ༴   །རིག་འཛིན་ཆོས་གྲགས་པཎ་ཆེན་ལྷུན་གྲུབ་ཞབས། །འཕྲིན་ལས་བཟང་པོ་དོན་གྲུབ་ཆོས་ཀྱི་རྒྱལ། །བསྟན་འཛིན་འགྲོ་འདུལ་ཆོས་ཀྱི་ཉི་མའི་མཚན། །གསོལ་བ༴   །པདྨའི་རྒྱལ་མཚན་ཆོས་ཀྱི་རྒྱལ་མཚན་དང༌། ཁྲི་ཆེན་བློ་གྲོས་ཆོས་ཉིད་ནོར་བུའི་མཚན། །ཐུགས་རྗེ་ཉི་མ་ཨོ་རྒྱན་ནུས་ལྡན་ཞབས། །གསོལ་བ༴   །ཆོས་ཀྱི་བློ་གྲོས་ཐུབ་བསྟན་ཞི་བའི་མཚན། །ཆོས་ཀྱི་འབྱུང་གནས་རྩ་བའི་བླ་མ་ལ། །གསོལ་བ་འདེབས་སོ༴   །དེ་ལྟར་བྱིན་རླབས་ཀུན་སྩོལ་བླ་མ་ལ། །རྩེ་གཅིག་གུས་པའི་ཡིད་ཀྱིས་གསོལ་བཏབ་མཐུས། །བདག་སོགས་འཁོར་བའི་རྒྱ་མཚོར་བྱིངས་པ་རྣམས། །ཐུགས་རྗེའི་དྲི་གཞོན་ཤུགས་ཀྱིས་སླར་དྲངས་ནས། །གནས་སྐབས་ཚེ་འདིའི་འགལ་རྐྱེན་མ་ལུས་པ། །མྱུར་བ་ཉིད་དུ་ཞི་བར་མཛད་དུ་གསོལ། །མཐར་ཐུག་བདེ་ཅན་སྣང་མཐའི་ཞིང་ཁམས་སུ། །མགོན་པོ་ཁྱོད་ཀྱི་ཞལ་མཐོང་གསུང་ཐོས་ཤོག །སྐྱེས་ནས་གཞན་དོན་དཔག་མེད་སྒྲུབ་ནུས་པའི། །སྤྲུལ་པ་ཕྱོགས་བཅུར་ཁྱབ་པར་འགྱེད་པར་ཤོག །བསྐལ་པ་བྱེ་བ་ཕྲག་བརྒྱ་མ་འདས་བར། །རྒྱལ་མཆོག་འོད་མཚན་མགོན་པོའི་ཞབས་དྲུང་དུ། །པདྨའི་སྙིང་པོ་དག་ལས་རབ་སྐྱེས་ནས། །སྐད་ཅིག་ཙམ་ཡང་མི་འབྲལ་རྗེས་འཛིན་ཤོག །ཅེས་པ་འདི་ཡང་མང་ཡུལ་ལ་དྭགས་ནས་བླ་མ་དཀོན་མཆོག་རང་གྲོལ་ཉི་མས་བསྐུལ་བ་ལྟར། འབྲི་བན་དྷརྨ་མ་ཏིས་སྦྱར་བའོ།། ༈ སྐྱབས་སེམས་ནི། བདག་དང་འགྲོ་བ་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ལན་གསུམ། སེམས་བསྐྱེད་པ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་མགོན་པོ་ཚེ་དཔག་མེད་ཀྱི་སྒོམ་བཟླས་ལ་འཇུག་པར་བགྱིའོ།། ལན་གསུམ། ༈ བགེགས་ཀྱི་གཏོར་མ་ཆུས་སྦྱངས་ལ། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾ་གིས་སྦྱངས། སྟོང་པའི་ངང་ལས་ཨོཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུཾ། ཞུ་བ་ལས་བྱུང་བའི་གཏོར་མ་དྭངས་ཤིང་ཐོགས་པ་མེད་པ་ཟག་པ་མེད་པའི་བདེ་བ་ཁྱད་པར་ཅན་བསྐྱེད་ནུས་པ་ནམ་མཁའི་མཐའ་དང་མཉམ་པར་གྱུར། ཨོཾ་ཨཱཿཧཱུཾ། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཱཾ་ཨཱ་དྱ་ནུཏྤནྣ་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་གསུམ་དང༌། ན་མཿསརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་ཨོཾ་སཾ་བྷ་ར་སཾ་བྷ་ར་ཧཱུཾ། ལན་གསུམ་དང༌། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་མང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གཟུགས་མཛེས་དམ་པ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྐུ་འབྱམས་ཀླས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པ་ཐམས་ཅད་དང་ཡོངས་སུ་བྲལ་བ་ལ་ཕྱག་འཚལ་ལོ། །དྲིལ་བུ་གསིལ་ཞིང༌། གང་ཞིག་མཚན་མོ་རྒྱུ་བ་ཡི། །འབྱུང་པོ་རྣམས་དང་ཤ་ཟ་དང༌། །སྲིན་པོ་ཤ་ཆེན་ཟ་བ་དང༌། །སེམས་ཅན་རྣམ་པ་སྣ་ཚོགས་དང༌། །ལྗོན་ཤིང་གེལ་པ་སོགས་གནས་པའི། །དེ་ལ་དེ་དང་གཏོར་མ་དང༌། །བཟའ་བ་ཤ་ཆང་ལ་ཕུག་བཅས། །འབྲས་ཆེན་འབྲས་བུ་མང་པོ་དང༌། །མཆོད་པ་འདི་ཡིས་མགུ་བྱོས་ལ། །གནོད་པའི་བསམ་པ་ཞི་བ་དང༌། །བདག་ཅག་རྣམས་ལ་ཕན་པའི་སེམས། །དེ་རིང་ཕྱིན་ཆད་བསྐྱེད་པར་བགྱི། །རྒྱན་གྱིས་བརྒྱན་བཞིན་དུ་ནི་ཆོས་སྤྱོད་ཅིང༌། །དུལ་ཞིང་ཡང་དག་སྡོམ་ལ་ཚངས་པར་སྤྱོད། །འབྱུང་པོ་ཀུན་ལ་ཆད་པ་སྤངས་པ་སྟེ། །དགེ་སློང་དགེ་སྦྱོང་དེ་ཡིན་བྲམ་ཟེའང་དེ། །མཚོན་ཆས་མི་འཇིག་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཨོཾ་ཆེན་པོའམ་ཆུང་དུ་གང་དག་གི། །ལུས་ལ་མངོན་པར་གནོད་པ་ཡི། །ནད་དེ་ཉེ་བར་སོལ་མཛོད་ལ། །གདོན་ཁྱོད་རང་གི་གནས་སུ་དེངས། །སརྦ་བིགྷྣཱཾ་གཙྪཿ ཞེས་སེ་གོལ་གྱི་སྒྲ་དང་བཅས་པས་གཏོར་མ་ཕྱིར་གཙང་སར་དོར། ༈ དེ་ནས་ཚོགས་བསག་པ་ནི། རང་ཉིད་སྐད་ཅིག་གིས་ཚེ་དཔག་མེད་དུ་གསལ་བའི་སྙིང་གར་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བླ་མ་དང་གཉིས་སུ་མེད་པའི་མགོན་པོ་ཚེ་དཔག་མེད་ལ་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་མདུན་གྱི་ནམ་མཁར་བཛྲ་ས་མཱ་ཛ༔ དྲིལ་བུ་གསིལ། སྤྱན་དྲངས། ཨོཾ་ཨ་པ་རི་མི་ཏཱ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་ནས་ཤཔྟའི་བར་གྱིས་མཆོད། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་སོགས་དང༌། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སོགས་ཚད་མེད་བཞི་བསྒོམས། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། བདག་བསྐྱེད་ནི། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷ྄྅ོ་ཧཾ། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རང་གི་སེམས་ཉིད་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། རང་ཉིད་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་མཉམ་པར་བཞག་པའི་སྟེང་ན་ཚེའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། དོ་ཤལ། འོག་པག་སྟེ་རྒྱན་བརྒྱད་ཀྱིས་བརྒྱན་ཅིང༌། དར་གྱི་ན་བཟའ་ཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྂ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམས་པ་འདྲ་བའི་ཡེ་ཤེས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྂ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྂ། ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་སྐུར། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག བདེ་བ་ཆེན་པོ་སྐྱེས། ཆུའི་ལྷག་མ་སྤྱི་བོར་ལུད་པ་ལས་བླ་མ་དང་དབྱེར་མེད་པའི་སྤྲུལ་སྐུ་ཚེ་དཔག་མེད་ཀྱི་དབུ་བརྒྱན་པར་གྱུར། བདག་བསྐྱེད་ཀྱི་མཆོད་པ་རྣམས། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། འཐོར་འཐུང༌། ཞལ་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས་རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྂ། ཨོཾ་བཛྲ་པཱདྱཾ༴   ཨོཾ་བཛྲ་པྲོཀྵ་ནཾ༴   ཨོཾ་བཛྲ་ཨཉྩ་མ་ནཾ༴   ནས་ཤཔྟའི་བར་གྱིས་བྱིན་བརླབས། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། པཱདྱཾ༴   པྲོཀྵ་ནཾ༴   ཨཉྩ་མ་ནཾ༴   ནས་ཤཔྟའི་བར་གྱིས་མཆོད་ཅིང༌། དྲིལ་བུ་གསིལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །དྲི་མེད་གཞོམ་བཤིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་ཏེ། །སྐྱོབ་པ་མཚུངས་མེད་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། རིགས་བདག་ཚེ་དཔག་མེད་ཀྱི་ཕྱག་མཚན་བུམ་པའི་ནང་དུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཧྲཱིཿཡིག་གི་མཐར་སྙིང་པོ་དང༌། གཟུངས་རིང་གིས་བསྐོར་བ་ལས་འོད་ཟེར་འཕྲོས། རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་སོགས་འཁོར་འདས་ཀྱི་ཕུན་ཚོགས་ཐམས་ཅད་དང༌། རང་གི་ཚེ་ཡར་བ་བརྐུས་པ་ལ་སོགས་པ་ཐམས་ཅད་བསྡུས། སྔགས་འཕྲེང་ལ་ཐིམ། དེ་ལས་བདུད་རྩིའི་རྒྱུན་བབས། བུམ་པ་འཆི་མེད་ཀྱི་བདུད་རྩིས་གང་བ་ལས་བདུད་རྩི་ལུད་པ་རང་གི་ཚངས་བུག་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང༌། སྡིག་སྒྲིབ་ཐམས་ཅད་དག འཆི་མེད་ཚེའི་དངོས་གྲུབ་ཐོབ་པར་བསམ་ཞིང༌། རང་གི་སྙིང་གར་ཡང་ཟླ་བའི་སྟེང་དུ་ཧྲཱིཿཡིག་དམར་པོའི་མཐར་སྔགས་ཕྲེང་གྱིས་བསྐོར་བར་བསམ་ནས། དེ་ལས་ཀྱང་འོད་ཟེར་སྤྲོ་བསྡུ་སོགས་ལྟར་དམིགས་ནས་གཟུངས་རིང་ཐུང་ཅི་ནུས་ཟླ། མདུན་བསྐྱེད་ནི། བུམ་པ་བསངས་སྦྱང་བ་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཚེ་ཟན་བྷྲུཾ་ལས་ཕྱི་བུམ་པའི་རྣམ་པ་ལ། ནང་ལྷའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྒྱན་རྟ་བབས་དང་བཅས་པ། དེའི་དབུས་སུ་པཾ་ལས་པདྨ་དང༌། ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་ཧྲཱིཿདམར་པོ་རིང་ཆ་ཚེག་དྲག་དང་བཅས་པ་དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས། མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱི་མཉམ་པར་བཞག་པའི་སྟེང་ན་ཚེའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། དོ་ཤལ། འོག་པག་སྟེ་རྒྱན་བརྒྱད་ཀྱིས་བརྒྱན་ཅིང༌། དར་གྱི་ན་བཟའ་ཀླུབས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང༌། མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྂ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་བསྒོམ་པ་འདྲ་བའི་ཡེ་ཤེས་པ་ལ། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་ཀྱིས་བསྐོར་བ་སྤྱན་དྲངས། ཛཿཧཱུྂ་བཾ་ཧོཿ གཉིས་སུ་མེད་པར་གྱུར། སླར་ཡང་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས། དབང་གི་ལྷ་རྣམས་སྤྱན་དྲངས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བདག་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས། དེ་རྣམས་ཀྱིས་བདུད་རྩིས་བཀང་བའི་རིན་པོ་ཆེའི་བུམ་པ་ཐོགས་ནས། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྂ། ཞེས་གསུང་ཞིང༌། བུམ་པའི་ཆུས་དབང་སྐུར། ལུས་ཀྱི་ནང་ཐམས་ཅད་གང༌། དྲི་མ་ཐམས་ཅད་དག བདེ་བ་ཆེན་པོ་སྐྱེས། ཆུའི་ལྷག་མ་སྤྱི་བོར་ལུད་པ་ཡོངས་སུ་གྱུར་པ་ལས། སྤྲུལ་སྐུ་ཚེ་དཔག་མེད་ཀྱིས་དབུ་བརྒྱན་པར་གྱུར། མཆོད་པ་བྱིན་རླབས་ནི། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ལས་བྱུང་བའི་མཆོད་ཡོན། ཞབས་བསིལ། འཐོར་འཐུང༌། ཞལ་བསིལ། མེ་ཏོག བདུག་སྤོས། མར་མེ། དྲི་ཆབ། ཞལ་ཟས། རོལ་མོ་ལ་སོགས་པ་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པར་གྱུར། ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྂ། པཱདྱཾ༴   པྲོཀྵ་ནཾ༴   ཨཉྩ་མ་ནཾ་༴   ནས་ཤཔྟའི་བར་གྱིས་བྱིན་བརླབས། ཨོཾ་ཨ་པ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏིཙྪ་སྭཱཧཱ། པཱདྱཾ༴   པྲོཀྵ་ནཾ༴   ཨཉྩ་མ་ནཾ༴   ནས་ཤཔྟའི་བར་གྱིས་མཆོད་ཅིང༌། དྲིལ་བུ་གསིལ། བཅོམ་ལྡན་མགོན་པོ་ཚེ་དཔག་མེད། །སྡིག་པའི་དྲི་མ་ཕྱིར་བསལ་ནས། །མཁའ་དང་མཉམ་པའི་སྐུ་མངའ་བ། །མཉམ་ཉིད་སྐུ་ལ་ཕྱག་འཚལ་ལོ། །དྲི་མེད་གཞོམ་བཤིག་བྲལ་བ་ཆོས་སྐུའི་ངང་ཉིད་ལས། །ཐུགས་རྗེ་ཆེན་པོས་འགྲོ་ལ་རྗེས་སུ་ཆགས་པའི་ཚུལ། །པདྨ་རཱ་གའི་མདངས་ལྡན་དྲི་མེད་འོད་འབར་ཏེ། །སྐྱོབ་པ་མཚུངས་མེད་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཞེས་པས་བསྟོད། བཟླས་པའི་སྐབས་རང་གི་ཚབ་ཏུ་བསྒྲུབ་བྱ་གང་ཡིན་ལ་བདུད་རྩི་བབ་པ་སོགས་དམིགས་པས་ཁ་སྒྱུར་བཞིན། མདུན་བསྐྱེད་ཚེ་དཔག་མེད་དུ་གསལ་བའི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་འཁོར་འདས་ཐམས་ཅད་ཀྱི་དཔལ་ཡོན་བསྡུས་ནས་དམིགས་ཡུལ་དང་སྒྲུབ་རྫས་ལ་ཐིམ་པར་གྱུར་པར་བསམ་ལ། གཟུངས་རིང་ཐུང་བཟླ། ཚེ་ཆང་ཡང༌། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང༌། རཾ་ལས་མེ། ཨཱཿལས་མི་མགོ་རློན་པའི་སྒྱེད་པུ་གསུམ་གྱི་སྟེང་དུ་ཨཱཿལས་བྱུང་བའི་ཐོད་པའི་ནང་དུ། བྷྲུཾ་ཨཾ་ཛཾ་ཁཾ་ཧཱུཾ། ལཾ་མཾ་པཾ་ཏཾ་བཾ་ལས་བྱུང་བའི་བདུད་རྩི་ལྔ་ལ་རང་རང་གི་ས་བོན་གྱིས་མཚན་པ། དེ་དག་གི་སྟེང་དུ་ཨོཾ་ཨཱཿཧཱུྂ་གི་ཡི་གེ་གསུམ་སྟེང་ནས་སྟེང་དུ་བརྩེགས་པར་གྱུར། རང་གི་ཐུགས་ཀའི་ས་བོན་ལས་འོད་ཟེར་འཕྲོས་རླུང་ལ་ཕོག རླུང་གཡོས་མེ་སྦར་ཐོད་པའི་ནང་གི་རྫས་རྣམས་ཞུ་ཞིང་ཁོལ། ཡི་གེ་གསུམ་ལས་འོད་ཟེར་འཕྲོས། ཕྱོགས་བཅུའི་དེ་བཞིན་གཤེགས་པ་དང་དཔའ་བོ་རྣལ་འབྱོར་མ་རྣམས་ཀྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་བདུད་རྩི་སྤྱན་དྲངས་ཤིང༌། རྒྱ་མཚོ་ལ་སོགས་པ་ཕྱོགས་བཅུ་ན་གནས་པའི་བདུད་རྩི་ཐམས་ཅད་བཀུག་སྟེ་ཐོད་པའི་ནང་གི་རྫས་ལ་ཐིམ་ཞིང༌། ཨོཾ་ཨཱཿཧཱུྂ་ཡང་རིམ་གྱིས་ཞུས་ནས་ཐིམ་པས་སྦྱངས་རྟོག་སྦར་གསུམ་གྱིས་འཆི་མེད་ཀྱི་བདུད་རྩིར་གྱུར་པར་བསམ། ཚེ་རིལ་ཡང་བསང་སྦྱངས། སྟོང་པའི་ངང་ལས་ནད་རིགས་བཞི་བརྒྱ་རྩ་བཞིའི་གཉེན་པོར་གྱུར་པའི་སྨན་སྣ་ཚོགས་བསྡུས་པ་ལས་གྲུབ་པའི་རིལ་བུ། དེ་ལས་འོད་ཟེར་འཕྲོས། འཁོར་འདས་ཀྱི་ཡོན་ཏན་བཅུད་ལེན་གྱི་ནུས་པ་ཐམས་ཅད་བསྡུས་ནས་ཐིམ་པར་བསམ་ལ། དེ་གཉིས་ཀ་གཟུངས་རིང་ཐུང་གིས་བསྒྲུབས། འབུལ་གཏོར། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་བྷྲུཾ་ལས་བྱུང་བའི་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ། ཨོཾ་ཨཱཿཧཱུྂ་འོད་དུ་ཞུ་བ་ལས་བྱུང་བའི་ལྷ་རྫས་ལས་གྲུབ་པའི་གཏོར་མ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་འདོད་པའི་ཡོན་ཏན་ལྔ་དང་ལྡན་པ་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར། ཨོཾ་ཨཱཿཧཱུྂ། ལན་གསུམ་གྱིས་བྱིན་གྱིས་བརླབས། ཨོཾ་ཨཱཿཔ་རི་མི་ཏ་ཨཱ་ཡུརྫྙཱ་ན་ས་པ་རི་ཝཱ་ར་ཨི་དཾ་བ་ལིངྟ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་ལ་སོགས་པས་འབུལ་ཞིང་ཐལ་མོ་སྦྱར་ཏེ། བཅོམ་ལྡན་འདས་འཁོར་དང་བཅས་པ་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་མཉེས་པས་བདག་ཅག་གི་དཔལ་ལྡན་བླ་མ་དམ་པའི་སྐུ་ཚེ་དང་འཕྲིན་ལས་ཕྱོགས་བཅུར་རྒྱས་པ་དང༌། དེ་ལ་བར་དུ་གཅོད་པའི་ཕྱོགས་ཐམས་ཅད་ཉེ་བར་ཞི་བ་དང༌། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དུས་མ་ཡིན་པར་འཆི་བ་ལ་སོགས་པའི་ཉེར་འཚེ་ཐམས་ཅད་ཞི་ཞིང་བསམ་པའི་དོན་ཐམས་ཅད་ཆོས་ལྡན་དུ་འགྲུབ་པ་དང༌། དེ་དག་ལ་བར་དུ་གཅོད་པའི་ཉེར་འཚེ་ཐམས་ཅད་མི་འབྱུང་ཞིང་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ་དང༌། མཐར་ཐུག་རྣམ་པ་ཐམས་ཅད་མཁྱེན་པ་རྒྱལ་བ་ཚེ་དཔག་མེད་ཀྱི་གོ་འཕང་དམ་པ་ཐོབ་པ་དང༌། དེ་མ་ཐོབ་ཀྱི་བར་གྱི་ཚེ་རབས་ཐམས་ཅད་དུ་བཅོམ་ལྡན་འདས་ཁྱོད་ཉིད་ལྷག་པའི་ལྷར་འཛིན་ཅིང་མི་འབྲལ་བར་བྱིན་གྱིས་རློབ་ཅིང་དངོས་གྲུབ་རྣམ་པ་གཉིས་སྩོལ་བའི་འཕྲིན་ལས་ཐོགས་པ་མེད་པར་གྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་འདོད་དོན་གསོལ། ཚོགས་ཀྱི་ཡོ་བྱད་རྣམས། ཨོཾ་བཛྲ་ཨ་མྲྀ་ཏས་བསངས། ཨོཾ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་རླུང་མེ་ཐོད་སྒྱེད་ཀྱི་སྟེང་དུ་ཚོགས་རྫས་རྣམས་རིགས་ལྔ་ཡབ་ཡུམ་གྱི་རང་བཞིན་བདུད་རྩི་ལྔ་དང་ལྕགས་ཀྱུ་ལྔ་རྣམས་རླུང་མེ་སྦུད་སྦར་གྱི་སྦྱོར་བས་རབ་ཏུ་ཞུ་བ་ཡེ་ཤེས་བདུད་རྩིའི་རྒྱ་མཚོ་ཟག་མེད་འདོད་ཡོན་གྱི་རྣམ་རོལ་ཅིར་ཡང་འཆར་བར་གྱུར། ཨོཾ་ཨཱཿཧཱུྂ་ཧ་ཧོ་ཧྲཱིཿ ལན་གསུམ་གྱིས་བྱིན་བརླབས། ཧྲཱིཿའོག་མིན་ཞིང་མཆོག་བདེ་ལྡན་པདྨོ་བཀོད། །དྭངས་གསལ་འོད་ལྔ་འཁྲིགས་པའི་གཞལ་ཡས་ན། །བདེ་གཤེགས་ཀུན་འདུས་རྒྱལ་བ་ཚེ་དཔག་མེད། །ཡེ་ཤེས་ཚོགས་ཀྱི་མགྲོན་དུ་སྤྱན་འདྲེན་གཤེགས། །བཟའ་བཅའ་བཏུང་བའི་ལོངས་སྤྱོད་འདོད་དགུའི་གཏེར། །ཆོས་དབྱིངས་ནམ་མཁའ་འགེངས་པའི་དཔལ་ཡོན་ཅན། །ཡིད་རབ་དྭངས་བའི་བློ་ཡིས་ལེགས་འབུལ་ན། །གཉིས་མེད་མཉམ་པ་ཆེན་པོས་བཞེས་སུ་གསོལ། །ག་ན་ཙཀྲ་པཱུ་ཛ་ཁཱ་ཧི། ཞེས་ཚོགས་ཕུད་དང་པོ་དཀྱིལ་འཁོར་དུ་འབུལ། གཉིས་པ། རྡོ་རྗེ་སློབ་དཔོན་ལ་འབུལ་རྒྱུའི་ཉེར་སྡོག་གི་ཟུར་དུ་བཞག ༈ དེ་ནས་ཚེ་དཔག་མེད་ཀྱི་སྒོ་ནས་བརྟན་བཞུགས་གཟུར་བཀོད་མི་ཤིགས་སྲོག་གི་ཀ་བ་ཞེས་བྱ་བ་ལ། དངོས་བཞི་ནི། འབུལ་ཡུལ་རྡོ་རྗེ་སློབ་དཔོན་ལྟ་བུ་རོལ་མོའི་སྒྲ་དང་བཅས་སྤྱན་དྲངས་ལྷ་ཚོགས་རྡོ་རྗེའི་རེ་ཁས་མཚན་པའི་གདན་བཤམས་པའི་སྟེང་དུ་བཞུགས་སུ་གསོལ། སྭ་བྷཱ་ཝས་སྟོང་པར་སྦྱངས། སྟོང་པའི་ངང་ལས་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་གཞོམ་གཞིག་དང་བྲལ་བ་སྣ་ཚོགས་རྡོ་རྗེས་མཚན་པ། དེའི་སྟེང་དུ་པཾ་ལས་པདྨ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱིས་དབུས་སུ་དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་དཔལ་ལྡན་བླ་མ་དམ་པའི་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ཧྲཱིཿདམར་པོ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རྡོ་རྗེ་སློབ་དཔོན་མགོན་པོ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཀྱིས་མཉམ་པར་བཞག་པའི་སྟེང་ན་ཚེའི་བུམ་པ་བསྣམས་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན། རིན་པོ་ཆེའི་དབུ་རྒྱན། སྙན་རྒྱན། མགུལ་རྒྱན། ཕྱག་གདུབ། ཞབས་གདུབ། སེ་མོ་དོ། དོ་ཤལ། འོག་པག་སྟེ་རྒྱན་བརྒྱད་ཀྱིས་བརྒྱན་ཅིང༌། དར་གྱི་ན་བཟའ་ཀླུབས་པ། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པ། མཚན་དང་དཔེ་བྱད་གསལ་ལ་རྫོགས་པ་མདངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུཾ་དང་ཟླ་བ་ལ་གནས་པའི་ཧྲཱིཿདམར་པོས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་མགོན་པོ་ཚེ་དཔག་མེད་དང༌། གཞན་ཡང་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཚེ་དཔག་མེད་ཀྱི་རྣམ་པར་སྤྱན་དྲངས། རྒྱལ་བ་ནི།