རྗེ་བཙུན་ཏིལླི་པའི་རྣམ་ཐར་སྙིང་བསྡུས།

འབྲི་གུང་ཨ་ཕྱི་དྲ་ཚིགས་ནས་སྟུག་པོའི་རང་གཤིས་ཀྱིས་བཤུས།


རྡོ་རྗེ་ཐེག་པའི་ལམ་བཟང་ཉལ་འགྲོའི་རྒྱུན། །རྣམ་དཔྱོད་ཧུབ་ཀྱིས་ཅིག་ཅར་བཞེས་ནས་ཀྱང། །སླར་ཡང་འགྲོ་ལ་སྦྱིན་མཛད་ཏིལླི་པས། ཕྱག་རྒྱ་ཆེན་པོ་དེ་ཉིད་བསྟན་དུ་གསོལ། །བཀའ་བབས་དེ་དག་ཐམས་ཅད་གཅིག་ཏུ་བསྡུས་པའི་བདག་ཉིད། རྗེ་བཙུན་ཏིལླི་པའི་རྣམ་ཐར་མདོར་བསྡུས་ཙམ་ཞིག་བརྗོད་པར། དེ་ཡང་གྲུབ་ཆེན་འདི་འཁྲུངས་པའི་ཡུལ་ནི་ཤར་ཕྱོགས་ཟ་ཧོར་གྱི་ཡུལ་ཛ་གོ། ཡབ་བྲམ་ཟེ་གསལ་བ། ཡུམ་བྲམ་ཟེ་གསལ་ལྡན་མ་གཉིས་སྲས་ཀྱིས་དབེན་པ་ལ། ཕྱི་ནང་གི་ལྷ་དང་རྟེན་རྣམས་ལ་མཆོད་པ་ཕུལ་གསོལ་བ་བཏབ་པས། དུས་རེ་ཞིག་ཡུམ་སེམས་ཅན་དང་ལྡན་པར་གྱུར་པ་ལས། ཟླ་གྲངས་རྫོགས་ནས་སྲས་མཚན་དང་ལྡན་པ་ཞིག་བཙས་པའི་ནུབ་མོ། ཡུལ་ཐམས་ཅད་འོད་ཀྱིས་གང་བར་གྱུར་ཏོ། །མཚན་མཁན་ལ་བསྟན་པས་འདི་ནི་ལྷ་ཀླུ་གནོད་སྦྱིན་སངས་རྒྱས་གང་ཡིན་མ་འཚལ་བས། སྐྱེས་བུ་མཆོག་གྱུར་འདི་ནི་གཅེས་པར་སྐྱོངས། །ཞེས་ཟེར་ཞིང་མིང་ཡང་གསལ་འོད་དུ་བཏགས་སོ། །གཅེས་པར་སྐྱོང་བའི་ཚེ་བུད་མེད་མི་སྡུག་པའི་མཚན་མ་དང་ལྡན་པ་གཅིག་ནམ་མཁའ་ལ་བྱུང་ནས། འདི་སྐད་གསུངས་པར་མངོན་ནོ། །གཅེས་པར་བསྐྱངས་ཀྱང་མི་འཆི་བ་ནི་ཡོད་མ་ཡིན། །སྐྱེས་བུ་མཆོག་འདི་རབ་ཏུ་བྱུང་ཞིང་རིག་པ་སློབ། །ཅེས་གསུངས་སོ། །དེ་ནས་ཕྱིས་རབ་ཏུ་བྱུང་ཞིང་རིག་པའི་གནས་ལ་མཁས་པའི་པཎྜི་ཏར་གྱུར་ཏེ། མཚན་ཡང་ཤེས་རབ་བཟང་པོ་ཞེས་གྲགས་སོ། །

དེ་ནས་སྔར་གྱི་བུད་མེད་དེས་ལུང་བསྟན་བྱིན་གྱིས་བརླབས་ནས། སོ་མ་པུ་རིའི་གཙུག་ལག་ཁང་དུ་ཞབས་ལ་ལྕགས་སྒྲོག་བཅུག་ནས། ལོ་བཅུ་གཉིས་སུ་སྒྲུབ་པ་མཛད་པས། ཐུན་མོང་གི་དངོས་གྲུབ་བརྙེས་ཏེ། མ་དང་མཁན་པོ་ལ། ཉའི་རྣམ་ཤེས་མཁའ་ལ་སྤར་བ་སོགས་རྫུ་འཕྲུལ་རྣམས་བསྟན་ནས་གནང་བ་ཞུས་ཏེ། འཕགས་པ་ཀླུ་སྒྲུབ་འཚོལ་དུ་ཕྱིན་པས། ལྷོ་ཕྱོགས་འཇིགས་བྱེད་བཞད་པའི་དུར་ཁྲོད་དུ་སློབ་དཔོན་སྤྱོད་པའི་རྡོ་རྗེ་མ་ཏང་གའི་སྤྱིལ་པོ་ན་བཞུགས་པ་དང་མཇལ་བས། སློབ་དཔོན་དྲི་ཟའི་གྲོང་དུ་གཤེགས། ཁོ་བོ་ནི་ཁྱོད་རྗེས་སུ་འཛིན་པ་ལ་བཏང་བ་ཡིན་པས། མཎྜལ་ཕུལ་གསུངས་པ་ལ་བླ་མར་བཟུང་སྟེ་སྔར་སྨོས་པ་ལྟར་དབང་དང་གདམས་པ་མཐའ་དག་གནང་ནས། སེམས་ཀྱི་དེ་ཁོ་ན་ཉིད་ངོ་སྤྲད་དེ་ལུང་བསྟན་ནས། ཟ་ཧོར་གྱི་གྲོང་འཁྱེར་ཧ་རི་ཀ་ཞེས་བྱ་བར་སྤྲུལ་པའི་རྒྱལ་པོ་ཨུད་མ་སྐྱེས་པས་བྱིན་གྱིས་རླབས་ཤིང༌། རང་བཞིན་གྱིས་གྲུབ་ཐག་ཉེ་བ་དེའི་ཚོང་དུས་སུ་སྨད་ཚོང་མ་དྷ་རི་ཞེས་བྱ་བ་ཡོད་པས་དེའི་གཡོག་གྱིས་ལ། རྟོགས་པ་སྦྱོངས་ཤིག་ཅེས་ལུང་བསྟན་པ་ལྟར། སྨད་ཚོང་མའི་ཐད་དུ་ཕྱིན་ཏེ་གཡོག་ཏུ་ཁས་བླངས་པས། ཏིལ་བརྡུངས་སུ་བཅུག་སྟེ་དེས་ཀྱང་ཏིལ་བརྡུངས་ཤིང་ལམ་སྦྱངས་པས། རེ་ཞིག་ཏིལ་ལ་མར་གནས་ཀྱང་བརྡུངས་བཙིར་མ་བྱས་ན་མངོན་དུ་མི་འགྱུར་བ་བཞིན་དུ། རང་སེམས་སངས་རྒྱས་སུ་གནས་ཀྱང་ཉམས་སུ་མ་བླངས་ན་མངོན་དུ་མི་འགྱུར་བར་དགོངས་ནས། ཉམས་སུ་བླངས་པས་དེ་ཁོ་ན་ཉིད་མངོན་དུ་གྱུར་ཏེ། རྡོ་རྗེ་འཆང་ཆེན་པོས་མངོན་སུམ་དུ་དབང་བསྐུར་ཞིང༌། རྒྱུད་ཀྱི་གདམས་པ་གནང་ནས་གྲོང་ཁྱེར་བ་རྣམས་ལ་མཐོང་སྣང་བྱུང་ཚུལ་ནི། མེ་དཔུང་གཅིག་ལ་མར་མེ་ནི། །བཅུ་བཞིས་བསྐོར་བ་མཐོང་བ་དང༌། །འོད་ཕུང་དཀྱིལ་དུ་དགེ་སློང་བསམ་གཏན་བཞུགས། །ལ་ལས་རྣལ་འབྱོར་དུར་ཁྲོད་རྒྱན་ལྡན་ཞིག །མཛེས་ལྡན་མང་པོས་སྐོར་བ་བྱེད་པ་མཐོང༌། །དྷཱ་རི་མོ་ལ་བསྙད་ཚེ་རིངས་པར་ནི། །ལྟ་བར་ཕྱིན་ཚེ་ནམ་མཁའ་འོད་ཕུང་གི །དཀྱིལ་ན་རོལ་པའི་སྟབས་ཀྱིས་བཞུགས་ནས་སུ། །གཏུན་ཤིང་ལྷུང་ཐབས་བསྐྱུར་ཞིང་ཏིལ་འབྲུ་ཐོར། །དྷཱ་རི་མོ་ནི་འགྱོད་པའི་མེ་ཡིས་གདུངས། །ཕྱག་སྐོར་བྱས་ཤིང་མཎྜལ་ཕུལ་ནས་ནི། །སྟོབས་བཞིའི་སྒོ་ནས་བཤགས་པ་བྱས་པ་ལས། །རྗེ་བཙུན་དེས་ནི་ཐུགས་རྗེའི་སྤྱན་གྱིས་གཟིགས། །ང་ཡི་རྒྱུད་ལ་སྐྱེས་པའི་རྟོགས་པ་འདི། །གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་མཆོག །ཁྱོད་ཀྱི་སྙིང་ལ་ཡང་དག་གནས་གྱུར་ཅིག །ཅེས་གསུངས་མེ་ཏོག་མགོ་ལ་བཞག་ཙམ་གྱིས། །དྷཱ་རི་མོ་ནི་འཁོར་བཅས་གྲོལ་བ་ལགས། །དེའི་ཚེ་སྨད་ཚོང་དྷཱ་རི་མ་འཁོར་དང་བཅས་པ། རྣལ་འབྱོར་པ་གཅིག་གིས་གྲོལ་བར་བྱས་སོ། །ཞེས་རྒྱལ་པོས་ཐོས་ནས། གླང་པོ་ཆེ་མཆོག་ལ་བཞོན་ནས་འཁོར་འབུམ་ཕྲག་དུ་མ་དང་བཅས་ཏེ་ཡུལ་དེར་ལྷགས་པའི་ཚེ། དྷཱ་རི་མོ་ཤིང་ཏ་ལ་བདུན་སྲིད་ཀྱི་ནམ་མཁའ་ལ་འཕགས་ནས། ཏིལ་མར་གྱི་དཔེས་མཚོན་པའི་ཆོས་གསུངས་པ་ལ། རྒྱལ་པོ་འཁོར་བཅས་དད་ཏེ། ཉམས་སུ་བླངས་པས་ལུས་དེ་ཉིད་ཀྱིས་མཁའ་སྤྱོད་དུ་གཤེགས་ནས། རེ་ཞིག་ཟ་ཧོར་གྱི་ཡུལ་དེ་སྟོངས་པར་གྱུར་ཏོ། །དེའི་ཚེ་ལྷོ་ཕྱོགས་ཀྱི་རྒྱལ་པོ་ཙནྜ་དཱི་པ་ཞེས་བྱ་བ། མ་ལ་གུས་པ་ཞིག་ཡོད་པ་དེས་མའི་དོན་དུ་ཕྱི་ནང་གི་པཎ་གྲུབ་ཐམས་ཅད་ཚོགས་ཀྱི་འཁོར་ལོ་ལ་ཕྱོགས་གཅིག་ཏུ་བསྡུ་བའི་ཕོ་ཉ་བཏང་བས་ཐམས་ཅད་འདུས་ཏེ། པཎྜི་ཏའི་གྲལ་དུ་མཁས་པ་དང༌། ཀུ་སཱ་ལིའི་གྲལ་དབུར་གྲུབ་པས་བྱེད་པ་ལ་མ་འཆམ་པའི་ཚེ། བུད་མེད་མི་སྡུག་པའི་མཚན་དང་ལྡན་པ་ཞིག་ན་རེ། ཚོགས་དཔོན་སུས་བྱེད་པ་ཡིན་ཟེར་བ་ལ། རྣལ་འབྱོར་པ་གཅིག་གིས་ད་ལྟ་ཁོ་བོ་འགྲན་ཟླ་དང་བྲལ་བ་ཡིན་ཟེར་བས་མོ་ན་རེ། ཁྱོད་ཀྱིས་མི་འོང་ངའི་མིང་པོ་སྤྱན་དྲོངས་ཟེར་བ་ལ། རྒྱུ་མཚན་དྲིས་པས་ཛ་ལན་དྷ་ར་ན་ཤིང་ཤ་པའི་ཡལ་ག་ལ་བཾ་ཆེན་གྱི་རྐང་པའི་མཐེའུ་ཆུང་གཉིས་ནས་རྟ་རྔ་གཅིག་གིས་བཏགས་ཤིང༌། ལག་པའི་མཐེ་ཆུང་གིས་རེ་མོས་འཇུས་ནས་ནམ་མཁའ་ལ་གར་བྱེད་པ་གཅིག་ཡོད་པ་དེར་ཞུས་ཟེར་བ་ལ། རྒྱལ་པོས་མི་སྲིད་པའི་གཏམ་གསུམ་བྱུང་བ་ལ་བདེན་རྫུན་ལྟོས་ལ་བདེན་པར་འདུག་ན་སྤྱན་དྲོངས་ཟེར་བས། དེ་ལྟར་སྤྱན་དྲངས་ནས་ཁྲི་ལ་མཉམ་པོར་བཞུགས་སུ་གསོལ་ཏེ། ཐོག་མར་སྒྲ་ཚད་ལ་རྩོད་པས་ཏིལླི་རྒྱལ། དེ་ནས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་དཀྱིལ་འཁོར་བྲི་བ། སེངྒེ་བཞོན་ནས་ནམ་མཁར་འགྲོ་བ་དུར་ཁྲོད་ཀྱི་མི་རོ་དགུག་པ། དེ་ཉིད་བདུད་རྩིར་བསྒྱུར་བ་སོགས་རྫུ་འཕྲུལ་འགྲན་པས། ཁོང་གིས་ཇི་ལྟར་སྤྲུལ་པ་བཞིན་རྗེ་བཙུན་གྱིས་བཤིག་ཅིང༌། རྗེ་བཙུན་གྱི་སྤྲུལ་པ་རྣམས་ཁོང་གིས་བཤིག་པར་མ་ནུས་པས། ཡང་རྗེ་བཙུན་འདིས་ཉི་ཟླ་ཐང་ལ་ཕབ་པའི་སྟེང་དུ་རང་གི་ལུས་ཕྱི་བསྒྱུར་སློག་ནས་བ་སྤུའི་བུ་ག་རེ་རེ་ནས། དཀྱིལ་འཁོར་གྱི་འཁོར་ལོ་གྲངས་མེད་པ་སྤྲུལ་ཞིང༌། རེ་རེ་ལ་ཡང་དཀྱིལ་འཁོར་དུ་མ་འཕྲོ་བའི་རྫུ་འཕྲུལ་མངོན་པར་འདུ་མཛད་པས། དེར་འདུས་པ་རྣམས་མངོན་པར་དད་པར་གྱུར་ཏེ། ཞབས་ལ་བཏུད་པའི་ཚེ་མགུར་གསུངས་པ། ངས་ནི་ཞིང་ཁམས་བརྒྱར་ཡང་ཕྱིན། །སྤྲུལ་པ་བྱེ་བ་ཕྲག་བརྒྱར་འགྱེད། །ཀླུ་སྒྲུབ་ཨརྱ་དེ་ཝ་དང༌། བཅོམ་ལྡན་འདས་དང་ང་གཏམ་བྱས། །ས་ར་ཧ་ནི་ཆེན་པོས་ཀྱང༌། །རྟོགས་པ་ང་ལ་འགྲན་དུ་མེད། །ཅེས་གསུངས་ཤིང༌། ཕྱི་རོལ་གྱི་རྒོལ་བའི་ཚོགས་རྣམས་ཟིལ་གྱིས་མནན་ནས། ཤར་ཕྱོགས་ཟ་ཧོར་གྱི་འགྲོ་བ་རྣམས་མཁའ་སྤྱོད་ཀྱི་གནས་སུ་དྲངས་ཤིང་ལན་གསུམ་གྱི་བར་དུ་སྟོངས་པར་མཛད་ཅིང་སྐུ་ལུས་དེ་ཉིད་དང་བཅས་པ་མཁའ་སྤྱོད་དུ་གཤེགས་སོ། །