སྐྱོབ་པ་འཇིག་རྟེན་གསུམ་མགོན་གྱི་མཛད་རྣམ།

འབྲི་གུང་ཨ་ཕྱི་དྲ་ཚིགས་ནས་སྟུག་པོའི་རང་གཤིས་ཀྱིས་བཤུས།


ཨོཾ་སྭསྟི། རྒྱལ་དབང་ཤཱཀྱས་གཟིགས་པ་ལྔར་གཟིགས་ཚེ། །

རྒྱལ་བསྟན་སླར་ཡང་ཆེས་ཆེར་སྤེལ་དགོངས་ཏེ། །

རྒྱལ་བའི་རྒྱལ་ཚབ་དམ་པར་སྐུར་སྤྲུལ་པ། །

རྒྱལ་དབང་རཏྣ་ཤྲཱིར་གུས་ཕྱག་འཚལ། །

དཔལ་ཕག་མོ་གྲུ་པ་ལ་སློབ་མ་གདུགས་ཐོབ་པ་ལྔ་བརྒྱ་ཡོད་ཀྱང་རྒྱལ་ཚབ་ཏུ་མ་འོས་པས། ཁོ་བོའི་གདན་ས་འདི་དགེ་བསྙེན་ས་བཅུ་པ་ཞིག་གིས་འཛིན་པ་ཡིན་ཞེས་ཡང་ཡང་གསུངས་པ་ལྟར། མཉམ་མེད་མགོན་པོ་འབྲི་གུང་པ་ཆེན་པོ་འདི་ཉིད་བྱོན་ཚུལ་ལ་གདུང་རབས་དང༌། སྐུ་འཁྲུངས་པའི་ཚུལ། མཛད་པའི་རྣམ་ཐར་སོགས་བསམ་གྱིས་མི་ཁྱབ་པ་ལས།

དང་པོ་ཡབ་མེས་བརྒྱུད་པ་ཇི་ལྟར་བྱོན་པ་ནི། བོད་ཁ་བ་ཅན་འདིར་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་བྱའི་ཞིང་དང་བྱིན་རླབས་ཀྱི་མཐུས། མིའུ་གདོང་དྲུག་གི་ནང་མཚན་མིའུ་རིགས་བཞི་དང་སྦྱར་ན་བྲམ་ཟེའི་རིགས་བཙན་པོ་འགྲུའམ། ཡང་ན་བྱས་པ་ལག་རྗེས་ཅན་འགྲུ་ཞེས་རིགས་ལས། འགྲུ་སྟག་རྒོད་བྱ་བ་འཛམ་བུ་གླིང་དུ་ཕྱུག་པ་ཞིག་བྱུང་བ་ལ་བུ་བདུན་ཡོད་པས་ཕ་ལ་གོས་ཁྱད་པར་སྒྲོན་རྒྱུའི་སྲམ་གྱི་ཕྱིང་པ་གླེང་ནས་སྦྲ་ཐོག་ཏུ་བཞག་པ་རླུང་གིས་ཁྱེར་ནས་མཚོ་ནང་དུ་ལྷུང་བ་བུ་བདུན་གཅིག་ལ་གཅིག་འཆང༌། ཕྱི་མས་མཛོའི་སྣ་ཐག་ལ་འཇུས་པས་མཛོ་སྣ་བོལ་ཏེ་བུ་བདུན་མཚོར་བྱིང་བས། འགྲུ་མི་རབས་ཆད་ཁར་མཛོ་སྣ་བོལ་ཞེས་པ་བྱུང༌། འགྲུ་སྟག་རྒོད་རྒན་པོར་གྱུར་ནའང། སླར་རོང་བཟའ་བླངས་པས་བུ་གསུམ་བྱུང་བའི་མིང་འགྲུ་ཉི་མ་དཀར་ནག་ཁྲ་གསུམ་ཞེས། དེ་ཡང་འགྲུ་མི་རབས་ཆད་ཁར་མུན་པར་ཉལ་བའི་བུ་བྱུང་ཉི་མ་ནག་པོ། རེས་མིས་མཐོང་རེས་སྦས་སྐབས་བུ་ཉི་མ་ཁྲ་བོ། དངོས་སུ་ཉི་མར་བསྡད་པས་བུ་ཉི་མ་དཀར་པོ་ཞེས་གྲགས། འགྲུ་ཉི་མ་དཀར་པོ་ལ་དཔའ་བོ་སོ་གད། ཡ་གད། མ་གད་བྱ་བའི་སྲས་གསུམ་བྱུང་བའི་ཆེ་བ་སོ་གད་རང་ལོ་ཉི་ཤུ་ལོན་པའི་དུས་ཤར་རྨ་ཆེན་སྤོམ་རའི་མགུལ་དུ་ཕྱིན་པ་ན།

ཁྲུས་ཀྱི་རྫིང་བུ་ནམ་མཁའ་ནས་བྱ་རྒོད་མང་པོ་འཕུར་བྱུང་བར། བླུབས་བུ་རྣམས་ཕུད་དེ་ལྷའི་བུ་མོ་གཟུགས་བྱད་ཕུན་སུམ་ཚོགས་པ་བྱས་ཏེ་ཁྲུས་བྱས་ནས། སླར་སྔར་གྱི་བླུབས་བུ་སོ་སོར་ཞུགས་ཏེ་འཕུར་སོང་བ་ལས། སོ་གད་ཀྱིས་བླུབས་བུ་གཅིག་བཟུང་བས་ལྷའི་བུ་མོ་གཟུགས་བྱད་ཅན་གཅིག་ལུས་བྱུང་བ་ལ། ཐབས་ཤེས་ཀྱི་སྦྱོར་བ་མཛད་ནས་བླུབས་བུ་གཏད་པ་ན། ལྷའི་བུ་མོ་དེ་བླུབས་བུར་ཞུགས་ཏེ་ཅུང་ཟད་ནམ་མཁར་འཕགས་ནས། དེ་རིང་ནས་བཟུང་ཟླ་བ་དགུ་འདས་པའི་ངོ་བཅུའི་ཉ་ཚེས་ལ་གནས་འདིར་བུ་ལེན་དུ་ཤོག་ཟེར་ནས་འཕུར་སོང་ངོ༌། །དེར་སོོ་གད་ཀྱིས་ཟླ་གྲངས་བཟུང་ནས་ཚེས་བཅོ་ལྔར་བྱོན་པ་ན། ནམ་མཁའ་འཇའ་འོད་ཀྱིས་གང་ཞིང་མེ་ཏོག་གི་ཆར་དང༌། རོལ་མོའི་སྒྲ་སྣ་ཚོགས་དང་བཅས་ཏེ་ལྷའི་བུ་དང་བུ་མོ་དཔག་ཏུ་མེད་པས་ནམ་མཁའ་གང་ཞིང༌། ཐོག་མར་བྱ་སྤུ་བཏགས་ཀྱི་བླ་བྲེ་འཕངས་ནས་བཟེད་ཅིག་ཅེས་པའི་སྒྲ་དང༌། དེ་བཞིན་དུ་གཡུ་འབྲུག་སྔོན་མོའི་ཟེ་བ། སེང་གེ་དཀར་མོའི་གཡུ་རལ། སྒེའུ་དཀར་མོའི་ལྤགས་པ་རྣམས་འཕངས་ནས་འདི་དག་སྟན་དུ་ཐིང་ཞིག །ཁྱོད་ཀྱི་བརྒྱུད་པའི་ནོར་ཆེན་ཡིན་ནོ། །ཞེས་དང༌། ཁྱོད་རང་གི་བུ་སོང་ཡོད། མ་འོངས་པ་ན་འདིའི་རིགས་བརྒྱུད་ཀྱི་སེམས་ཅན་མང་པོའི་དོན་བྱེད་པར་འགྱུར་རོ། །ཞེས་ལུང་བསྟན་དང་བཅས་ཏེ་ལྷའི་བུ་ལྷ་རྫས་དུ་མས་བརྒྱན་པ་ཞིག་ནམ་མཁའ་ནས་བསྐྱུར་བྱུང་བ་ལ། རྒྱལ་ཆེན་བཞིས་བཟེད་གྲོགས་བྱས་པ་ན། སོ་གད་ཤེད་ཆུང་བས་བླ་བྲེའི་སྣེ་ཤོར་ནས་ལྷའི་བུ་ས་ལ་ལྷུང་སྟེ་མཐེའུ་ཆུང་ཆད་པས་སྐྱུ་ར་སོར་དགུ་པ་ལྟག་པོ་ཆེ་གནམ་སྦྱིན་དཀར་པོ་ཞེས་གྲགས། དེ་ཉིད་ཀྱི་གདུང་རིགས་ཡར་བཟང་འབྲོག་གསུམ་ཞེས་གདུང་རིགས་གསུམ་འདས་པ་ན། ལྡན་གྱི་ཡུལ་གྲོང་ཁྱེར་ཙོ་ངུ་ན་སྐྱུ་རའི་རིགས། དེ་ཉིད་ལས་ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་ཞེས་སྔགས་རྙིང་མའི་རྣལ་འབྱོར་པ་ནུས་པ་ཐོབ་པ་ཞིག །གཡུང་དྲུང་རྒྱ་མཚོ་ཞེས་མཆེད་གཉིས་བྱུང༌། འཇམ་དཔལ་རྩ་རྒྱུད་དུ། བྱང་གི་ཕྱོགས་ཀྱི་དུར་ཁྲོད་དུ། །སྒྲོལ་མའི་མིང་ཅན་འབྱུང་གྱུར་ཏེ། །ཞེས་ལུང་བསྟན་པ་ལྟར་དུས་དེར་ཡབ་སྙ་ནམ་པ་ཇོ་བོ་དཔལ་ཞེས་རེ་མ་ཏི་བྲན་དུ་འཁོལ་ནུས་པའི་ནུས་པ་ཅན། ཡུམ་བྲིན་བཟའ་དར་འཇམ་གཉིས་སྙ་ནམ་ནས་འབྲི་གུང་གྱི་ཕྱོགས་སུ་བྱོན་ནས་བཞུགས་པའི་སྲས་མོར་རྡོ་རྗེ་མཁའ་འགྲོའི་ཡང་སྤྲུལ་ཆོས་ཀྱི་སྒྲོལ་མ་འཁྲུངས་ཏེ་ས་ཕྱོགས་དེར་སྐྱེས་གྲགས་ཞེས་ད་ལྟ་ཡང་གྲགས་ཤིང༌། མཁའ་འགྲོའི་མཚན་རྟགས་ཐམས་ཅད་ཚང་ཞིང་བསྐྱེད་ཤིན་ཏུ་ཆེ་བར་གྱུར་ནས་དབུས་ཀྱི་ཇ་པ་དང་སྦྲགས་ནས་ཁམས་སུ་ཨ་མེས་ཚུལ་ཁྲིམས་རྒྱ་མཚོའི་ཁབ་ཏུ་བྱོན་ནས་དབུས་ནས་བྱོན་པའི་ལོ་རྒྱུས་གསུངས་ནས། ཨ་མེས་ཀྱི་ཞལ་ནས་ཁོ་བོ་ནི་འཇིག་རྟེན་གྱི་ཞེན་པའང་མེད་ཅིང་ལོངས་སྤྱོད་ཀྱང་ཆུང་བས་ཁྱིམ་ཐབས་བྱི་མདུན་མ་ཡང་མ་མཆིས་ཤིང༌། ཁྱད་པར་དུ་གཉེན་སྟོན་དང༌། སྣ་བོན་ལ་སོགས་པའི་ཡོ་བྱད་མི་ཤོམ་པས། ཁྱེད་རང་གཞན་གར་འདོད་དུ་བྱོན་ན་ལེགས་ཞེས་གསུངས་པས། ཡང་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་ཞལ་ནས། ཁོ་མོ་ཡང་འཇིག་རྟེན་གྱི་ཞེན་པ་ཆེ་བ་ཞིག་མ་ཡིན་ཏེ། ངེད་རང་གཉིས་ལ་བརྟེན་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བྱ་བ་བྱེད་པའི་སྐྱེས་ཆེན་དུ་མ་འབྱུང་བའི་རྟེན་འབྲེལ་ཡོད་པས། འདིར་མཆིས་པ་ཡིན། ལོངས་སྤྱོད་ཀྱི་འབྱོར་པས་འཕོངས་པའི་དཔའ་ཞུམ་པར་མི་འཚལ་ཏེ། ཁོ་མོས་སྒྲུབ་པར་བགྱིའོ། །ཞེས་གསུངས་ཏེ། དེའི་ནུབ་མོ་ནས་སྣ་བོན་པ་ཡང་བོས། ཕྱི་ཉིན་ནས། ཆོས་ཀྱི་སྒྲོལ་མའི་ཞལ་ནས། བདག་གི་ཕ་མིང་ཡོད་པ་རྣམས་ནི་བོད་ན་ཡོད་པས་ས་ཐག་རིང༌། འདིར་ཡོད་པའི་མགྲོན་པོ་རྣམས་ངའི་ཡིན་ཞེས་གསུངས་ནས། མགྲོན་ཐམས་ཅད་བརྡའ་སྦྱར་བ་ན། ཨ་མེས་ཚུལ་ཁྲིམས་རྒྱ་མཚོ་འཁོར་དང་བཅས་པ་ནི་ཤིན་ཏུ་སྐྲགས་ཏེ། བདག་ཅག་འཁོར་དང་བཅས་པ་རྣམས་ལ་ནི་རང་འཚོ་ཙམ་ལས་མ་མཆིས་ན་མགྲོན་པོ་རྣམས་ཇི་ལྟར་བྱ་ཞེས། ཅི་བྱ་གཏོལ་མེད་པར་གྱུར་པའི་ཚེ། ཆོས་ཀྱི་སྒྲོལ་མ་དེ་ཉིད་ཀྱི་ཞལ་ནས། ཕཊ་གསུང་ཞིང༌། སྣམ་ཕྲག་གཡོན་ནས་ཀ་པཱ་ལ་གཅིག་བྱུང༌། ཡང་ཕཊ་གསུངས་ནས། སྣམ་ཕྲག་གཡས་ནས་ཌཱ་མ་རུ་གཅིག་བྱུང་ཞིང༌། ད་ནི་ཚོགས་འཁོར་གྱི་ཡོ་བྱད་ཅི་ཡོད་འདིར་སྩོལ་ཅིག་ཅེས་གསུངས་ཏེ། ཀ་པཱ་ལ་ཟེད་པ་ལ། ལུག་ཤ་ལག་པ་གཡས་པ་གཅིག་ཡོད་པ་དེ་ཕུལ་བས། ཞལ་ནས་འོ་རྟེན་འབྲེལ་ཤིན་ཏུ་བཟང་ང་ལ་བུ་བཞི་འབྱུང་སྟེ། དེ་དག་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་ལ་བྱ་བ་བྱེད་པའི་སྐྱེས་ཆེན་དུ་མ་འབྱུང་བར་འགྱུར་རོ། །གསུངས་ཏེ་ཌཱ་མ་རུ་དཀྲོལ། བཟའ་བ་དང་བཏུང་བའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཆར་བཞིན་བབས་པས། མགྲོན་པོ་རྣམས་ལའང་གྱ་ནོམ་པའི་བཟའ་བཏུང་གིས་ཚིམ་པར་བགྱིས་སོ། །སྣ་བོན་ལའང་གཟི་ཆུ་མིག་བཅུ་གཉིས་པ་ཞིག་བྱིན། གོང་བཞིན་དུ་ལུང་བསྟན་མཛད་དེ། དེ་ལྟར་འཇིག་རྟེན་གྱི་བྱ་བ་དང་མཐུན་པའི་ཚུལ་གྱིས་ཁབ་ཏུ་བཞུགས་པའི་ཚེ། སྲས་བཞི་འཁྲུངས་པ་ལ། ནམ་མཁའ་དབང་ཕྱུག །དཔེ་ཀ་དབང་རྒྱལ། ན་འགག་པ་བསོད་ནམས་དཔལ། དཀར་གདུང་གྲུ་བཞི་སྟེ། སྲས་བཞི་འཁྲུངས་སོ། །དེ་དག་ཀྱང་བསྐྱེད་བསྲིངས་ཏེ་ཆེར་ལོན་པ་ན། རང་བཞིན་གྱིས་དབང་པོ་གསལ་ཞིང༌། སྐྱེས་བུའི་ཡོན་ཏན་དུ་མ་དང་ལྡན་པ་ཤ་སྟག་བྱུང་ངོ༌། །དེའི་དུས་སུ་ཨ་ཕྱི་ཉིད་རང་གི་སྒྲུབས་ཐབས་རྣམས་མཛད། ཞལ་ནས་ཁོ་མོ་ནི་བསམ་བཞིན་དུ་སྲིད་པར་སྐྱེ་བའི་ཚུལ་བཟུང་ནས། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་འཕེལ་ཞིང་རྒྱས་པ་དང༌། བསྲུང་བའི་ཕྱིར་དུ་སྨོན་ལམ་གྱི་འབྲེལ་བས་འདིར་མཆིས་པ་སྟེ། ཐུན་མོང་དང་མཆོག་གི་དངོས་གྲུབ་སྦྱིན་པར་བྱའོ། །གསུངས་ཏེ། ཕྱི་བཞིན་འབྲངས་པའི་མི་རྣམས་ལྡན་སྟོད་ཕུག་པ་གཏིང་རིང་བར་ཁྲིད་ནས། དུར་ཁྲོད་ནས་བམ་ཚང་བ་མཚན་ལྡན་གཅིག་བླངས་པ་ཚོགས་འཁོར་དུ་རོལ་ནུས་པ་ལ་ཐུན་མོང་དང༌། མཆོག་གི་དངོས་གྲུབ་ཐོབ་པ་མང་དུ་བྱུང་ཞིང༌། སྐལ་བ་དམན་ཞིང་བསགས་པ་ཆུང་བ་དག་ནི་ལོག་རྟོག་གིས་བསྒྲིབས་ཏེ། ཚོགས་ལ་ལོངས་སྤྱོད་མ་ནུས་པ་དག་ལ་དངོས་གྲུབ་དབེན་པར་གྱུར་ཏོ། །མཐར་གྱི་ཚེ་ན། ཁོ་མོའི་ལུས་ཀྱི་ནི་བྱ་བ་ཐམས་ཅད་གྲུབ་ཟིན་ན། ད་ནི་བདག་གི་བུ་བརྒྱུད་འདིར་བསྟན་པ་སྤྱི་ལས་ཁྱད་པར་དུ་འཕགས་པའི་སྙིང་པོའི་བསྟན་པ་ཞིག་བྱུང་བས། དེ་དག་གི་བཀའ་བསྲུང་བགྱིད་ཅིང་ད་ལྟར་བདག་གིས་སྒྲུབས་ཐབས་བགྱིས་པ་འདི་རྣམས་ཀྱང། ཉམས་སུ་ལེན་པའི་མི་རབས་བཅོ་ལྔའི་བར་དུ་རང་གིས་བསྲུང་སྐྱོབ་བགྱིད་པས། དོ་གལ་ཆེ་ན་ང་ལ་སྦྲོན་སོགས་གསུང་གི་ཐ་མ་བཞག་སྟེ། སྐུ་ལུས་མ་བོར་བར་མཁའ་སྤྱོད་དུ་གཤེགས་སོ། །དེ་ལ་སྐྱོབ་པའི་ཡུམ་ནས་ཡར་ལ་རྩིས་པའི་ཕྱི་མོར་གྱུར་པས་ཨ་ཕྱི་ཞེས་གྲགས་སོ། །

གཉིས་པ་སྐུ་འཁྲུངས་པའི་ཚུལ་དང་འཕྲིན་ལས་བཞིའི་མཛད་རྣམ་ཁག

དེ་ཡང་སྔགས་འཆང་དཔེ་ཀ་དབང་རྒྱལ་གྱིས་སྲས་མཁན་པོ་དར་མ། དཀོན་མཆོག་རིན་ཆེན། བཙུན་པ་འབར་བ། རྣལ་འབྱོར་པ་རྡོ་རྗེ་དང་བཅས་བཞི་འཁྲུངས་པ་ལས། རྣལ་འབྱོར་པ་རྡོ་རྗེ་ནི། རྡོ་རྗེ་འཇིགས་བྱེད་ལ་གྲུབ་པ་ཐོབ་སྟེ། དྲེགས་པ་ཅན་རྣམས་བྲན་དུ་འཁོལ་ནུས་པ་ཞིག་སྟེ། དེ་ཉིད་ཀྱིས་རཀྴི་བཟའ་བཙུན་མ་ཁབ་ཏུ་བཞེས་པ་ལས། དེ་ཡང་སྔོན་འདས་དུས་ཀྱི་བསྐལ་པ་གྲངས་མེད་པའི་གོང་རོལ་ན། འཁོར་ལོས་བསྒྱུར་པའི་རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་ཞིག་ཏུ་གྱུར་ཏེ། སྲས་སྟོང་བལྟམས། རབ་ཏུ་བྱུང་སྟེ་མངོན་པར་རྫོགས་པར་སངས་རྒྱས་པའི་མཚན། དེ་བཞིན་གཤེགས་པ་ཀླུ་རིགས་སྒྲོན་མ་ཞེས་གྲགས་ཤིང༌། དེ་ལྟར་མངོན་པར་རྫོགས་པའི་སངས་རྒྱས་སུ་ཟིན་ཀྱང༌། བྱང་ཆུབ་སེམས་དཔའ་ཀུན་བཟང་དབང་རྒྱལ་པོ་དང༌། སངས་རྒྱས་འོད་སྲུངས་ཀྱི་སྐབས་རྫ་མཁན་དགའ་སྐྱོང་དུ་གྱུར་པ་དང༌། གོང་དུ་བརྗོད་པ་ལྟར། རྒྱལ་བའི་སྤྱན་སྔར་གཙོ་འཁོར་ཐ་མི་དད་པའི་ལི་ཙ་བྱི་དྲི་མ་མེད་པར་གྲགས་པ་དང༌། སློབ་དཔོན་ཆེན་པོ་ཀླུ་སྒྲུབ་སོགས་སུ་སྤྲུལ་ནས་བསྟན་འགྲོའི་དོན་རླབས་པོ་ཆེ་མཛད་ལ། སྐབས་འདིར་ཡང་སྙིང་པོ་དོན་གྱི་བསྟན་པ་རྒྱས་པར་མཛད་པའི་ཕྱིར་དགོངས་ཏེ། གནམ་ལྕགས་རྡོ་རྗེ་མཆུའི་པོ་ཏིར་སྤྲུལ་ནས་ཡུམ་གྱི་ལྷུམས་སུ་ཞུགས་ནས་ཆུ་ཕག་ལོར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བལྟམས། དགུང་ལོ་བཞི་ནས་འབྲི་ཀློག་མཁས་པར་མཁྱེན་ཅིང༌། ཡབ་ལས་རྡོ་རྗེ་འཇིགས་བྱེད་ཀྱི་ཆོས་སྐོར་དང༌། གཞན་ཡང་ཁུ་བོ་མཁན་པོ་དར་མ། རྭ་བསྒྲེང་སྒོམ་ཆེན། རྗེ་བཙུན་འཁོར་བ་རླུང་ཁྱེར་སོགས་ལས་མདོ་སྔགས་ཀྱི་ཆོས་མང་དུ་གསན་པའི་མཚན། བཙུན་པ་སྐྱབས་དང༌། རྡོ་རྗེ་དཔལ་སོགས་སུ་གྲགས། མདོ་རྒྱུད་དུ་མ་ནས་ལུང་བསྟན་པ་ཤིན་ཏུ་མང་མོད་ཀྱང་ཡི་གེས་འཇིགས་པས་ཐམས་ཅད་འབྲིར་མ་ལང་ལ་སྤྲིན་ཆེན་ལས། མ་འོངས་ལྔ་བརྒྱའི་ཐ་མ་ལ། །བྱང་ཕྱོགས་ས་ཡི་ཕྱོགས་ཆ་རུ། །འབྲི་ཞེས་བྱ་བའི་ཞིང་ཁམས་སུ། །རིན་ཆེན་དཔལ་ཞེས་བྱ་བ་ཡི། །བདེ་བར་གཤེགས་པ་འབྱུང་བར་འགྱུར། །ཞེས་དང༌། ཡེ་ཤེས་ཡོངས་སུ་རྒྱས་པའི་མདོ་ལས། བྱང་ཕྱོགས་ཁ་བ་ཅན་གྱི་རི་རྒྱུད་དུ། །རིན་ཆེན་དཔལ་ཞེས་བྱ་བ་འབྱུང་གྱུར་ཏེ། །མི་མཆོག་དེ་ནི་འཇིག་རྟེན་ཁམས་སུ་གྲགས། །ང་ཡི་བསྟན་ལ་བྱ་བ་བྱེད་པར་འགྱུར། །ཞེས་དང༌། དགོངས་འདུས་ལས། ཆོས་འབྱུང་འབྲི་ཞེས་གྲགས་པ་རུ། །ཕག་ལོ་རིན་ཆེན་དཔལ་ཞེས་པ། །སྤྲུལ་སྐུ་འབུམ་ཕྲག་ཚོགས་ཀྱིས་བསྐོར། །དེ་ཕྱིར་མངོན་དགའི་ཞིང་ཁམས་སུ། །བདེ་གཤེགས་དྲི་མེད་དཀར་པོ་ཞེས། །འདུས་པའི་འཁོར་དང་བཅས་པ་སྣང༌། །ཞེས་སོགས་མདོ་རྒྱུད་ཉི་ཤུ་ནས་ལུང་བསྟན་པ་དང༌། གཏེར་ཆོས་ཀྱང་མང་པོ་ནས་ལུང་བསྟན་ཅིང༌། ཁྱད་པར་ཤིན་ཏུ་གསལ་བ། རྒྱལ་པོ་བཀའ་ཡི་ཐང་ཡིག་ལས། རྗེ་གཅིག་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་དེ༔ དཔལ་གྱི་བསམ་ཡས་འདི་ནས་བྱང་ཤར་མཚམས༔ ཆོས་ཀྱི་འབྱུང་གནས་འབྲི་ཞེས་གྲགས་པ་རུ༔ བདེ་གཤེགས་ཕག་ལོ་རིན་ཆེན་དཔལ་ཞེས་པ༔ སྤྲུལ་སྐུའི་སེམས་དཔའ་འབུམ་ཕྲག་ཚོགས་ཀྱིས་བསྐོར༔ དེ་རྗེས་མངོན་པར་དགའ་བའི་ཞིང་ཁམས་སུ༔ བདེ་གཤེགས་དྲི་མེད་དཀར་པོ་ཞེས་བྱ་བ༔ མངོན་དགའི་ཞིང་དུ་མངོན་རྫོགས་རྒྱལ་པོར་འགྱུར༔ ཞེས་གསལ་པོར་ལུང་བསྟན་པ་ཡིན་ལ། སྔོན་མ་འགའ་ཞིག་གི་འོག་ཏུ་ལྷ་སྲས་ཀྱི་སྐྱེ་མཐའ་མ་འོངས་ཉི་ཤུ་རྩ་ལྔའི་གྲས་ཀྱི། ཞིང་ཁམས་རྣམ་དག་སོགས་དྲངས་པ་ནི་ལེགས་པར་མ་བརྟགས་པའི་སྐྱོན་ཡིན་ནོ། །དེ་ནས་མི་རིང་བར་ཡབ་གཤེགས་པས་ལོངས་སྤྱོད་སྲབ་པར་གྱུར་པས། ཀློག་གི་འཁྱོས་མས་ཡུམ་དང་ལྕམ་སྲིང་སོགས་སྐྱོང་བར་མཛད། སྐབས་ཤིག་ཀློག་ཡོན་དུ་ར་ཞིག་ཕུལ་བ། སྐུ་ན་ཕྲ་བས་མ་ཐུབ་སྟེ། ཕ་བོང་ཞིག་གི་སྟེང་དུ་རས་དྲུད་པར་ཞབས་རྗེས་བྱུང་བས། ཞབས་རྗེས་ར་དྲུད་མར་གྲགས། དགུང་ལོ་བརྒྱད་བཞེས་པའི་ཚེ། རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་གཟིགས་ཤིང༌། སྐུ་མདོག་མཐིང་ནག་དང་མ་ཧེའི་ཞལ་གཏི་མུག་དག་པ། མཚོན་ཆ་བསྣམས་པ་དང་ཁྲོས་པའི་ཉམས་ཞེ་སྡང་དག་པ། མཚན་མ་གྱེན་དུ་བསྒྲེང་བ་འདོད་ཆགས་དག་པའི་བརྡར་མཁྱེན། རྩིབས་རླུང་མོ་ཆེར་བཞུགས་ཚེ་སྒྲུབ་པ་མཛད་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་མེ་ལོང་གི་གཟུགས་བརྙན་ལྟར་སྣང་ལ་རང་བཞིན་མ་གྲུབ་པར་གཟིགས་ཤིང༌། རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་པ་མཛད་པའི་ཚེ་ཞལ་མངོན་སུམ་གཟིགས་ཤིང་དངོས་གྲུབ་བརྙེས། ཁམས་སུ་བཞུགས་པའི་ཚེ་ཡང་གྲུབ་ཐོབ་ཀྱི་གྲགས་པས་ཁྱབ། ཚད་མེད་པའི་སྙིང་རྗེ་ཆེན་པོ་ཐུགས་ལ་མངའ་བས་ཉིད་ཀྱི་ལྕམ་སྲིང་མ་ཞིག་ཁྱིམ་བདག་ཞིག་གི་ཆུང་མར་སོང་བས། ཁྱིམ་བདག་དེས་འབར་བས་སྡུག་དྲགས་ལྕེབས་ནས་ཤི་བར་རོ་སུས་བསྐྱེལ་མ་འཆམ་སྟེ། ཕ་ཚན་གཉིས་འཁྲུགས་པ་ཆེན་པོར་གྱུར་ནས། མི་མང་པོ་ཞིག་འཆི་བ་ལ་ཐུག་པའི་ཚེ། སྙིང་རྗེ་དྲག་པོ་ཚད་མེད་པ་འཁྲུངས་ཏེ། རྩིས་མཁན་ལ་ལྟོག་ཏུ་བརྔན་པ་བྱིན་ནས་རོ་འདི་ཕག་ལོ་པ་ཞིག་གི་བསྐྱེལ་དགོས་ཟེར་དུ་བཅུག་ནས་ཉིད་ཀྱི་ཁུར་ནས་བསྐྱལ་བས་རྩོད་པ་རང་ཞིར་འགྲོ་བར་མཛད་དོ། །ཕྱག་རྒྱ་ཆེན་པོའི་རྟོགས་པ་ཡང་འཁྲུངས་ཤིང༌། མནལ་འོད་གསལ་དུ་ཚུད་པའི་ངང་ནས་སངས་རྒྱས་མ་ཆགས་པདྨ་ཅན་གྱི་ཞིང་ཁམས་ཡང་གཟིགས། སྔོན་བཤད་པ་ལྟར་རྭ་སྒྲེང་སྒོམ་ཆེན་ལས་བཀའ་གདམས་ཀྱི་ཆོས་ཐམས་ཅད་གསན། ཐུགས་རྗེ་ཆེ་བས་མཛེ་སྤྲང་སོགས་མ་ནུས་པ་ཐམས་ཅད་ལ་ཐུགས་ཤིན་ཏུ་བརྩེ་བར་མཛད། གོང་སྨོས་ལྟར་གྱི་བླ་མ་རྣམས། ལྷོ་པ་རྡོ་རྗེ་སྙིང་པོ་ཡབ་སྲས་ལ་གསང་འདུས་སོགས་ཆོས་ཀྱང་མང་དུ་གསན། དགུང་ལོ་དགུ་ནས་གཞན་ཕན་ཀྱང་མང་དུ་མཛད། ཀློག་མཛད་པའི་ཚེ་ཡི་གེ་གཅིག་ཡིན་ན་ཡང་འཕུལ་བྱེད་དང་ས་མགོ་ར་མགོ་སོགས་ལ་སྒྲ་ཐ་དད་དུ་བྱུང་བའི་བོད་ཀྱི་ལེགས་པར་སྦྱར་བའི་སྐད་དུ་གྱུར་པ་ཀློག་ཐམས་ཅད་ཀྱི་ནང་ནས་མཆོག་ཏུ་གྱུར་པ་འདིའི་རྒྱུན་ལ་ཐེལ་ཀློག་ཏུ་གྲགས། གཟེར་ཐུང་དྲག་པོས་བཏབ་པ་རྣམས་ལ་བྱིན་རླབས་མཛད་པའི་ཆང་གིས་གསོས་པ་དང༌། ཕྱག་གིས་བྱུག་བྱུག་མཛད་པས་མཛེ་བསོས་པ་དང༌། བདེན་སྟོབས་བརྗོད་པས་ཆར་འབབ་པ་སོགས་ངོ་མཚར་བའི་ལྟས་དུ་མ་མངའ། སྐབས་ཤིག་ལོ་ཉེས་བྱུང་བའི་ཚེ། ཀློག་གི་ཡོན་རྣམས་རང་ཉིད་ཀྱིས་ཆེར་མ་གསོལ་བར་མུ་གེས་ཉེན་པ་རྣམས་ལ་གནང་སྟེ། སྐྱེ་བོ་མང་པོའི་སྲོག་འདོན་པར་མཛད། ཇག་ཁྱི་སུག་ཅེས་བྱ་བའི་ཇག་པ་ཞིག་གིས་བརྙས་པ་བྱས་པས་ཁོ་གྲིར་ཤི་ཞིང༌། ཤུལ་མི་ཐམས་ཅད་ཀྱང་སྨྱོ་སྟེ་ནུས་མཐུ་ཆེ་བ་གྲགས་པས་ཀྱང་ཁྱབ། ཁམས་ཀྱི་མི་ཆེན་ཐམས་ཅད་ཀྱིས་ཞབས་ལ་གཏུགས་ཏེ་དབང་ཁྲིད་ལ་སོགས་པ་ཞུས། གཞན་ཕན་གྱི་འགྲོ་དོན་མཛད། དེ་ནས་དབུས་ནས་བྱོན་པའི་མགོ་ཟླ་པཎྜི་ཏས་ཕག་གྲུའི་ལོ་རྒྱུས་བརྗོད་པས། ཕག་མོ་གྲུ་པའི་མཚན་གསན་པ་ཙམ་གྱིས་ཐུགས་ཀེང་ཤུའི་འདབ་མ་རླུང་གིས་གཡོས་པ་ལྟར་གྱུར་ཏེ། དཀའ་བ་དཔག་མེད་སྤྱད། ཁམས་ནས་དབུས་སུ་བྱོན་པའི་ཚེ་ཁམས་དབུས་ཀྱི་བར་ཐམས་ཅད་འཇས་འབྲེལ་བ་དང༌། རྡོ་རྗེ་ལེགས་པས་ཀྱང་རི་བོང་དང་བྱིས་པ་སོགས་སུ་སྤྲུལ་ནས་ཞབས་ཏོག་སྒྲུབས། ཁྱད་པར་དུ་ཡང་རྡོ་རྗེ་མཁའ་འགྲོ་མས་བླ་མ་རྗེ་ཕག་གྲུ་ལུང་བསྟན་ཅིང༌། ལམ་གྱི་ཤུལ་མཚོན་དང་ཞབས་ཏོག་མཛད། གྱེ་རེ་ཡར་འཕྲང་གི་ཡིག་དྲུག་འགྲོ་མགོན་ཕག་གྲུར་ཞལ་གཟིགས། དེ་ནས་ནམ་ཉིན་མཚན་མེད་པར་བྱོན་པས། ཕག་མོ་གྲུ་ནས་ཡིན་ཟེར་བའི་བུད་མེད་གཅིག་དང་མི་སེར་པོ་གཅིག་བྱུང་བར་བླ་མའི་སྤྲུལ་པར་དགོངས་ཏེ་ཕྱག་མཛད། དེ་ནས་ནམ་གུང་ཙམ་ལ་དགོན་འདབས་སུ་ཕེབས་ནས། སྐད་ཆེན་པོས་ང་བསུས་ཞེས་བོས་ནས། ཁམས་པ་གཅིག་གིས་བསུས་ནས་དེར་སྟན་ཕབ་སྟེ། ནང་པར་ནམ་སངས་པའི་ཚེ་བྱ་ཝང་ཞིག་སྐད་འདོན་པ་ལ་གཟིགས་ནས། འདི་ནི་བླ་མའི་རྣམ་སྤྲུལ་ཡིན་ཨང་དགོངས་པ་བྱུང༌། དེ་ནས་རྗེ་འགྲོ་བའི་མགོན་པོ་མཇལ་བའི་ཚེ། འགྲོ་མགོན་རིན་པོ་ཆེས་འཁོར་ཐམས་ཅད་དེ་རིང་རྫོགས་སོ་གསུངས། ཕྱག་རྟེན་དུ་རྟ་རྒོད་མ། ཟ་འོག་ཡུག་ཅིག །དར་ཡུག་ཅིག་རྣམས་ཕུལ་བའི་ཚེ། ཁོ་བོས་རྐང་བཞིའི་འབུལ་བ་མི་ལེན་པ་ཁྱོད་ཀྱིས་མ་ཐོས་སམ། ཞེས་གསུངས་ཤིང་བཀྱོན་པ་ཡང་མཛད་པས་བཤུམ་ཞིང་རྒོད་མ་མི་བཞེས་ན། རི་ལ་རྒྱབ་ནས་འཇོག་པ་ཡིན་ཞེས་ཞུས་པས། ཁོ་བོས་ཁྱོད་ལ་ལུགས་གཉིས་ཀྱི་སྒོ་ནས་གཅེས་པར་སྐྱོང་བ་ཡིན། དེས་མ་ཆོག་པ་ཡང་ཡོད་དམ་གསུངས། ཐུད་རྐྱལ་ཞིག་ཕུལ་བ།