ནང་གི་སྦྱིན་སྲེག་འཁོར་ལོ་སྡོམ་པའི་ཚོགས་འཁོར་དུ་མཛད་ནས་བཞེས་པའི་ཚེ། ཅུང་ཟད་མ་རྫོགས་པར། ཉེ་གནས་སྟག་ལུང་ཐང་པས། གསོལ་འཕྲོ་ཞུས་པའི་ཚེ། སྒོ་མཚམས་མ་བརྒྱད་ཀྱི་ཚོགས་སྐལ་ཆད་པས། ཁྱོད་ཀྱི་མི་བརྒྱུད་ལ་མིག་འཆུས་ཀྱི་ནད་ཡོང་ཞེས་གསུངས། འཁོར་གྱི་དགེ་འདུན་རྣམས་དང༌། གདན་སའི་ནགས་སོགས་ཐམས་ཅད་ཀྱང་བླ་མའི་སྤྲུལ་པ་ཡིན་སྙམ་པར་དགོངས་ཤིང༌། ཚད་མེད་པའི་མོས་གུས་ཆེན་པོ་ཐུགས་ལ་འཁྲུངས། བླ་མས་ཀྱང་ཐོག་མར་སྨོན་འཇུག་གི་སེམས་བསྐྱེད་གནང་ཞིང༌། མཚན་ཡང་བྱང་ཆུབ་སེམས་དཔའ་རིན་ཆེན་དཔལ་ཞེས་གསུངས་ཤིང༌། གཞན་ཡང་མདོ་སྔགས་ཀྱི་ཟབ་ཆོས་ཐམས་ཅད་བུམ་པ་གང་བྱོའི་ཚུལ་དུ་གནང༌། སྐབས་ཤིག་དགེ་བཤེས་བསམ་ཡས་པའི་མཛད་པར་བརྟེན་ནས་འཁོར་གྱི་དགེ་འདུན་རྣམས་ལ་མོས་གུས་ལྟེམ་རྐྱང་ཅུང་ཟད་བྱུང་བ་ཐམས་ཅད་ཀྱི་གཙུག་ཏུ་བླ་མ་བསྒོམ་ནས་མཐོང་ཕྱག་གསུམ་གསུམ་མཛད་པས་མོས་གུས་སོར་ཆུད་ཅིང༌། གཞན་རྣམས་ཀྱི་ཐོག་མར་ཚུལ་འཆོས་ཅན་ཟེར། མཐར་མོས་གུས་མཐར་ཐུག་ཟེར་བ་བྱུང༌། འདི་སྐབས་ཤིག་ཕག་མོའི་སྤྲུལ་པའི་བུ་མོ་ཞིག་ཡོད་པ་སྟག་ལུང་ཐང་པའི་མཛད་པར་བརྟེན་ནས་སྐུ་ཚེའི་འདུ་བྱེད་བཏང༌། གྲུབ་ཐོབ་གླིང་རས་པས་དབུ་ཐོད་བཅད་ནས་ཕྱག་ཏུ་ཡོད་པ། ལན་ཅིག་ཚོགས་པར་བུར་སྟོན་ཞིག་བྱུང་བར་གླིང་རས་ཕྱིས་པས་སྐུ་སྐལ་ཆད་ནས་ཚོགས་པ་ཐམས་ཅད་ལ་ཐོད་པ་བསྣམས་ཏེ་སློང་མོ་མཛད་པས། ཐམས་ཅད་ཀྱིས་ཅུང་ཟད་རེ་ཕུལ་མཐར་འགྲོ་མགོན་ཕག་གྲུས་ཆེ་བ་ཞིག་གནང་བ་ཁ་ལ་རྒྱ་ཕིབ་བཀལ་བ་ལྟ་བུ་བྱུང་བ་ཕྱག་ཏུ་བསྣམས་ནས་བསྟོད་པ་ཉི་ཤུ་པའི་མགུར་མ་མཛད་ཅིང༌། ཚོགས་གྲལ་དུ་ཡར་འབྱོན་མར་འབྱོན་མཛད་སྐབས་བུ་ཆེན་གཞན་རྣམས་ངེད་ལ་གཏད་ཨེ་ཡོང་དགོངས་ཚེ་རྗེ་སྐྱོབ་པ་རིན་པོ་ཆེ་ཁམས་ནས་ཕེབས་ནས་ཆེར་མ་སོང་བས་སྐྱུ་ར་གྲོ་ཐུལ་ཅན་དུ་གྲགས་ཤིང༌། གྲལ་མཇུག་ཏུ་བཞུགས་པར་ཕུལ་བས་ཐམས་ཅད་ཀྱིས་གླིང་རས་ཀྱི་སྨྱོ་སྤྱོད་ཡིན་ཟེར། སྐབས་ཤིག་འགྲོ་བའི་མགོན་པོས་རྟེན་འབྲེལ་བརྟག་པར་དགོངས་ནས། རྗེ་སྐྱོབ་པ་དང༌། གླིང་རས་པ་དང༌། སྟག་ལུང་ཐང་པ་གསུམ་ལ། རྣམ་ཕྲུག་དམར་པོ་འདོམ་རེ་གནང་ནས། ཁྱེད་རང་གསུམ་གྱིས་སྒོམ་ཞྭ་རེ་བཟོས་ནས་ཁྱེར་ཤོག་གསུངས་པའི་ཚེ། སྟག་ལུང་པས་སྣམ་བུ་དེ་རང་ལ་བཅོས་པའི་རྟ་མིག་མར་གྲགས་པའི་ཆུང་ངུ་ད་ལྟ་སྟག་ལུང་པའི་ལུགས་འདི་བྱུང༌། གླིང་རས་ཀྱིས་སྣམ་བུའི་སྣེ་མོ་ནས་ཅུང་ཟད་བཅད་པ་མ་ད་ནར་བསྒྱུར་ནས་བཞེས་པས་མ་ལྡངས་ཏེ་ངོ་སྒོ་རས་ཀྱིས་བྱས་པ་ཞིག་བྱུང༌། རྗེ་སྐྱོབ་པས་རྟེན་འབྲེལ་ཡོད་སྙམ་དགོངས་ནས་ད་དུང་ཕྲུག་འདོམ་གང་སྣོན་ནས་བཟོས་པས་སྨུག་ཡོར་མར་གྲགས་པ་འདི་ཤིན་ཏུ་ཆེ་བ་འདི་ཉིད་བྱུང་སྟེ་རྟེན་འབྲེལ་མཆོག་ཏུ་གྱུར། ཡང་ཉིན་གཅིག་རྗེ་ཕག་གྲུས་སྟག་ལུང་ཐང་པ་དང༌། རྗེ་སྐྱོབ་པ་གཉིས་ལ་ཁྱེད་རང་གཉིས་སོང་ལ་ལྟོས་ཤོག །ཡབ་ཆབ་གཙང་པོ་འདི་དེ་རིང་གྱེན་དུ་ལོག་ཡོད་པ་འདྲ་གསུངས་པ་ལྟར་གཟིགས་ནས་སླར་སྐུ་མདུན་དུ་བྱོན་སྐབས་སྟག་ལུང་པས། ཡར་ཆབ་གཙང་པོ་མཐུར་དུ་འབབ་ཀྱི་འདུག་ཞུས། རྗེ་འདིས་གསུང་དེ་དགོངས་པ་ཅན་ཞིག་ཡིན་པར་འདུག་པས་རྟེན་འབྲེལ་ཡོད་དགོངས་ནས། གཙང་པོ་གྱེན་དུ་ལོག་ནས་དབུས་གཙང་ཁམས་གསུམ་ཐམས་ཅད་ཆུས་གང་འགྲོ་ཡི་འདུག་ཞུས་པས། འཕྲིན་ལས་རྒྱ་ཆེན་རྟེན་འབྲེལ་འགྲིག་ཅིང་རྟེན་འབྲེལ་ལ་མངའ་བརྙེས་པས་རྟེན་འབྲེལ་མཐར་ཕྱིན་འབྲི་གུང་པ་ཞེས་གྲགས། དེ་སྐབས་རྗེ་སྐྱོབ་པ་རིན་པོ་ཆེ་ཉིད་དགེ་བསྙེན་ལས། དགེ་ཚུལ་སློང་གི་སྡོམ་པ་མ་བཞེས་པའི་སྐབས་ཡིན་པས་འགྲོ་མགོན་ཕག་གྲུས་སྔོན་དུས་གསུངས་པ་ལྟར། ཁོ་བོའི་གདན་ས་འདི་དགེ་བསྙེན་ས་བཅུ་པ་ཞིག་གིས་འཛིན་པ་ཡིན་ཞེས་ཡང་ཡང་བཀའ་བསྩལ། ཉིན་གཅིག་ཆོས་རྭ་གྲོལ་སྐབས། ཉིད་ལ་ཅུང་ཟད་སྡོད་ཅེས་གསུངས་ནས་སྐུ་ལུས་རྣམ་སྣང་གི་ཆོས་བདུན་མཛད་དུ་བཅུག་ནས། འགྲོ་མགོན་རིན་པོ་ཆེ་ཉིད་ཡར་བཞེངས་ནས། མདུན་དུ་བྱོན་ཏེ་ཕྱག་མཁར་གྱིས་གནས་གསུམ་དུ་གཙུགས་ཏེ་ཨོཾ་ཨཱཿཧཱུྃ་ཞེས་གསུང་ཆེན་པོས་ལན་གསུམ་གསུངས་པའི་མཐར་ཕྱག་མཁར་ཐུགས་ཀར་བཙུགས་ནས་ཁྱོད་ལ་སྒོམ་ཆེན་ཞིག་འོང༌། སྒོམ་ཆེན་ཙམ་ལས་བཟང་བ་ཞིག་ཡོང༌། དེ་ལ་ཁོ་བོ་དགའ་བ་ལགས་མོད། ཅེས་གསུངས། དེ་ལྟར་ལོ་གཅིག་དང༌། ཟླ་བ་དྲུག་མ་གཏོགས་བསྟེན་པའི་ཡུན་མ་བྱུང་ཡང་ཆོས་ཐམས་ཅད་བུམ་པ་གང་བྱོར་གནང་ཞིང་ཐུགས་དམ་གྱི་རྩལ་རྫོགས། གོང་དུ་བཤད་པ་ལྟར་རྒྱལ་ཚབ་དུ་ལུང་བསྟན། འགྲོ་མགོན་ཕག་གྲུ་མྱ་ངན་ལས་འདའ་ཁར། གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འོད་འབར་བ་ཞིག་བྱུང་བ་ཉིད་ཀྱི་ཐུགས་ཀར་ཐིམ། སྐུ་གཤེགས་པའི་རྗེས་སུ་སྔོན་ཕྱག་རྟེན་ལ་རྟ་ཕུལ་བ་མ་བཞེས་པ་དང༌། ཐ་ན་ཉིད་བཞུགས་སའི་སྤྱིལ་པོའི་རྡོ་ཚུན་ཆོད་སྐུ་འབུམ་དང་གཙུག་ལག་ཁང་གི་ཕྱོགས་སུ་བཏང༌། ལམ་གྱི་ཡོན་ཏན་འབྱུང་བའི་སྔ་ལྟས་སུ། རྩ་རླུང་གི་གེགས་དྲག་པོ་བྱུང་སྟེ། ནམ་མཁའ་ས་གཞི་ཐམས་ཅད་མེས་གང་བ། ཆུས་གང་བ་དང༌། ལྷ་འདྲེའི་དམག་གིས་གང་བ། སེང་གེའི་ཁ་ནས་མདུང་ཐུང་བསྣུན་པ་སོགས། ཆོ་འཕྲུལ་མང་དུ་བྱུང་བའི་ཚེ། འགྲོ་མགོན་ཕག་མོ་གྲུ་པ་ནི་མ་བཞུགས་པས། སློབ་དཔོན་རྩི་ལུང་པ་ལས། ཇོ་མོ་ལྷ་རྗེ་མའི་མན་ངག་གནང་བས་ཅུང་ཟད་ཕན། གཞན་ཡང་ཇོ་སྲས་བཙན་ཏི་དང༌། སློབ་དཔོན་ལུང་མོ་བ་སོགས་དང་མཇལ་ཞིང་ཆོས་གསན། དྭགས་པོ་སྒོམ་ཚུལ་ལ་རྣལ་འབྱོར་བཞིའི་མན་ངག་གསན། དེ་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་དགོངས་ནས་བླ་མ་ཡལ་གྱི་སྤྱན་དྲངས་ཤིང༌། དབྱེ་ཆུང་རི་ཁྲོད་དུ་བྱོན་ནས། འཚོ་བ་སྦྱོར་བའི་ཡོན་བདག་མོ་རང་ཞིག་ཡོད་པ་ལའང༌། རྗེ་ཉིད་དགེ་བསྙེན་གྱི་སྐབས་ཡང༌། བུད་མེད་ཀྱི་ཕྱོགས་སུ་མི་འབྱོན་པའི་དམ་བཅའ་དང༌། ཟོན་ཆེར་མཛད་པ་ཡིན་པས། ཡོན་བདག་མོ་ལ་ཁྱོད་ཀྱིས་འཚོ་བ་སྦྱོར། ཁྱོད་རང་མ་ཡོང་གསུངས་པས། ཡོན་བདག་མོ་དེ་ཡང་དད་པ་ཁྱད་འཕགས་ཞིག་ཡིན་པས། བླ་མ་ང་གཞན་དང་མཉམ་པོར་མ་གཏོགས་ང་གཅིག་པུར་མི་ཡོང་ལོ་གསུམ་གྱི་སྒྲུབ་རྒྱགས་འབུལ་ཟེར་ནས། ལོ་གསུམ་གྱི་བར་སྒྲུབ་རྒྱགས་མཛད། ཕྱི་ནང་གསང་གསུམ་གྱི་རྟེན་འབྲེལ་རགས་པར་འཕྲིག་ཚུད། འཁོར་བར་འཁྱམས་པ་རླུང་དབུ་མར་མ་ཚུད་པས་ལན་པར་དགོངས་ནས་རླུང་གཅུན་པས། སངས་རྒྱས་བྱང་སེམས་དཔག་མེད་ཀྱི་ཞལ་གཟིགས། རིགས་དྲུག་གི་གནས་སྦྱོང་ཤར། དེ་སྐབས་སྔོན་བླ་མས་གསུངས་པའི་ཆོས་རྣམས་ལ་ཐུགས་ཀྱི་གོ་བ་ཆེར་མ་སོང་བས། སྔོན་གེགས་བྱུང་བའི་དུས་བླ་མས་ཡང་ཡང་གསུངས་འདུག་ཀྱང་མ་གོ་བར་འདུག་དགོངས་ནས་མང་དུ་བཤུམས། ལོ་གསུམ་ལོན་ནས། ཕག་མོ་གྲུ་སོགས་རྟེན་ལ་ཕྱག་མཆོད་ཀྱང་མཛད་ནས། སླར་ཡང་དབྱེ་ཆུང་ཕུག་ཏུ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པའི་ཚེ་སྔོན་གྱི་རྣམ་སྨིན་གྱི་ལྷག་མ་རྣམས་ལྷོངས་ཏེ། སངས་རྒྱས་རྣམས་ཀྱང་འཚང་རྒྱ་ཁར་བདུད་ཀྱི་དམག་ཡོང་བ་དང༌། རྗེ་མི་ལར་ཡང་རོ་གཅིག་གི་རྟོགས་པ་རྒྱུད་ལ་འཁྲུངས་ཁར། ཚེ་རིང་མཆེད་ལྔས་གཙོས་པའི་འདྲེ་དམག་བྱུང་བ་ལྟར་སྙུན་མཛེ་དྲག་པོ་ཞིག་བྱུང་བ། རྟེན་འབྲེལ་གྱི་རྫས་འགའ་ཞིག་འཛོམ་ན་དྲག་འགྲོ་བར་འདུག་ཀྱང་མ་འཛོམ་པར་ཐུགས་མུག་སྟེ། རྫ་ཕུག་ཤིན་ཏུ་དབེན་པ་སུས་ཀྱང་མི་ཤེས་པ་ཞིག་ཏུ་འཕོ་བ་བྱ་དགོས་དགོངས་ནས་ཕྱིར་བྱོན་པས། དབུ་སྔས་སུ་ཐུགས་རྗེ་ཆེན་པོའི་ཞལ་ཐང་ཞིག་ཡོད་པར་ཕྱི་ཕྱག་འཚལ་དགོས། ང་ན་བ་ཡི་དམ་གྱིས་མ་ལན་དགོངས་ནས་ཡར་བྱོན་ཕྱག་མཛད་པའི་དང་པོའི་སྐབས་ས་ཆེན་པོ་འདིའི་ཐོག་ལ་ང་ལས་སྡུག་པ་མེད། ནད་འདི་ལྟ་བུས་འཆི་དགོས་སྙམ་པ་ཐུགས་ལ་ཤར། གཉིས་པའི་སྐབས་ང་འཆི་ཡང་བླ་མ་དམ་པའི་མན་ངག་གིས་འཕོ་བ་དང༌། བར་དོའི་གདམས་པ་སོགས་ཕྱི་མ་འཇིགས་མི་དགོས་པ་ཡོད་དེ། དེ་བས་སེམས་ཅན་འདི་རྣམས་སྙིང་རེ་རྗེ་དགོངས་ནས་སྙིང་རྗེ་དྲག་པོ་ཐུགས་ལ་འཁྲུངས་ཏེ། གཟིམ་མལ་དུ་ཡང་མ་བྱོན་པར་དེ་ཉིད་ལུས་གནད་བཅས་ནས་སྙིང་རྗེ་དེ་ཉིད་དྲག་ཏུ་སྒོམ་པར་མཛད་པས། ཐོག་མར་ཞབས་མཛུབ་རྣམས་ནས་སྙུན་གཞི་ནག་རུ་རུ་ཐོན། དེ་ནས་བྱི་བ་མང་པོ་དང༌། དེ་ནས་མི་ཁུར་པོ་ཁུར་བའི་རིགས་མང་པོ། དེ་ནས་ཕྱི་འཁོར། དེ་ནས་ནང་འཁོར། དེ་ནས་བློན་པོ། དེ་ནས་གདོན་གྱི་རྒྱལ་པོ་དེ་ཐོན། དེ་ནས་སྦྲུལ་ནག་པོ་འཇིགས་སུ་རུང་བ་ཞིག་ཐོན། དེ་སྐབས་ནམ་ཟླ་དགུན་ཡིན་ཀྱང་དངོས་སུ་འབྲུག་སྒྲ་དང་སེར་བ་ཡང་བྱུང༌། དེ་རྗེས་སྙུན་གཞི་མེད་དུ་ལེགས་པར་དྭངས་ཏེ། ཆོས་སྤྱི་དང་བྱེ་བྲག་གི་གནས་ཚུལ་དང་མདོ་སྔགས་ཀྱི་དགོངས་པ་དངོས་སུ་གསུངས་པ་རྣམས་དང༌། མཐའ་དྲུག་ཚུལ་བཞིའི་ཚུལ་གྱིས་སྦས་པ་ཐམས་ཅད་ཀྱང་སྐྱུ་རུ་ར་ལག་མཐིལ་དུ་བཞག་པ་ལྟར་ཇི་ལྟ་བ་ཉིད་དུ་མཁྱེན། ཕྱིས་ནང་གཟིམ་སྤྱིལ་གྱི་ཕྱི་རོལ་ཏུ་སྐྱོ་སངས་ལ་བྱོན་པའི་ཚེ་རྗེ་བཙུན་མ་སྒྲོལ་མ་བདུན་ཞལ་གཟིགས་ནས་སྐྱབས་བདུན་མ་མཛད་ཅིང༌། ཐོག་མར་ཐུགས་ལ་སྙིང་རྗེ་དྲག་པོ་འཁྲུངས་སྐབས། ཉི་མ་རི་རྩེར་ཤར་ཙམ་ཡིན་ཅིང༌། མཇུག་ཏུ་སྙུན་དྭངས་པ་ཡུལ་པ་རྣམས་ཀྱི་ར་ལུག་ནང་སྡུད་པའི་སྐབས་ཙམ་ཡིན་ཡང་གཞན་གྱི་བློར་མི་ཆུད་དགོངས་ཏེ། ཞག་གསུམ་ཉི་མ་དྲོས་བཞི་ན། །མི་ཁོ་བོའི་ལས་ངན་རང་སར་དག །རྒྱུ་འབྲས་ཀྱི་རྟེན་འབྲེལ་ཚན་གཅིག་གོ། །ཟབ་མོ་གསང་སྔགས་ཀྱི་གཏེར་ཁ་བྱེ། །ཞེས་སོགས་གསུངས། མཛེ་པོ་མང་པོར་བྱིན་རླབས་མཛད་པ་ཙམ་གྱིས་བསོས་ཤིང༌། འགའ་ཞིག་ཞལ་མཐོང་བ་ཙམ་དང༌། འགའ་ཞིག་མཚན་ཐོས་ནས་མོས་པ་བྱས་པ་ཙམ་གྱིས་ཀྱང་མཛེ་ནད་ལས་གྲོལ་བས་མཚན་མཛེ་འུར་འདེད་པར་གྲགས་པ་བྱུང༌། བཅས་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་གཅིག་པ་དང༌། ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་པར་དགོངས་ཏེ། ཞང་སུམ་ཐོག་པས་མཁན་པོ། འོན་རྩི་ལུང་པས་ལས་ཀྱི་སློབ་དཔོན། གཉལ་པ་འདུལ་འཛིན་གྱི་གསང་སྟོན་མཛད་དེ་དགེ་འདུན་གྲངས་ཚང་གི་དབུས་སུ་བསྙེན་པར་རྫོགས་ཤིང༌། རྡོར་དཀར་གདན་གཅིག་གི་བརྟུལ་ཞུགས་མཛད་དེ་སྐུ་བཙུན་པའི་མཐར་ཐུག་པར་གྱུར་ཅིང༌། བསྟན་རྩ་འདུལ་བ་ལ་གསན་པ་རྒྱ་ཆེར་མཛད། དེ་ནས་འགྲོ་མགོན་རིན་པོ་ཆེས་ལུང་བསྟན་མཛད་པ་ལྟར་སློབ་མའི་གཙོ་བོ་ཐམས་ཅད་ཀྱིས་གསོལ་བ་བཏབ་ནས་ཕག་མོ་གྲུའི་གདན་སར་བཞུགས། དེ་སྐབས་ཡར་ལྷ་ཤམ་པོས་གུས་པས་བཏུད། ཚོགས་པ་བསྐྱངས་བའི་སྐབས་ཤིག་གྲྭ་པ་འགའ་ཞིག་གིས་ངེད་མི་ལ་རས་པའི་ཚ་བོ་ཡིན་ཟེར་ནས་ཆང་འཐུང་པར་ཚོགས་སུ་བཀའ་བཀྱོན་ཆེར་བྱོན་པས། ཁྱོད་བཙུན་དུ་གྱིས། བཙུན་ཡུན་རིང་དུ་གྱིས། བཙུན་འཁྱེར་མཁས་སུ་གྱིས། བཙུན་མི་ལ་མ་གནོད་པ་གྱིས་ཟེར་ནས་སྐུར་པ་འདེབས་སུ་བྱུང་བས། རྗེ་ཕག་མོ་གྲུ་པ་མདུན་གྱི་ནམ་མཁར་དངོས་སུ་བྱོན་ནས། ཁྱོད་རང་ཟ་འོག་གི་འབོལ་སྟན་རྙིང་པ་འདི་བསྐྱུར་ལ། དབུ་རུ་བྱང་ཕྱོགས་སུ་སོང་དང་འགྲོ་བའི་དོན་རྒྱ་ཆེན་པོ་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་ལྟར་བྱང་ཕྱོགས་སུ་བྱོན་ནས། གཉན་ཆེན་པོ་ཐང་ལྷས་བསུ་བ་བྱས། དེ་ནས་བྱང་ནམ་རར་བྱོན་ཏེ་བཙན་གྱི་རྒྱལ་པོ་ནམ་ར་འཁོར་དང་བཅས་པས་དགེ་བསྙེན་གྱི་སྡོམ་པ་མནོས་ཤིང་གུས་པས་བཏུད། དད་པའི་རྟེན་དུ་ཕྱག་ཞབས་ཀྱི་རྗེས་ཀྱང་བཞག །བྱ་རྒོད་ནམ་མཁའི་དབྱིངས་སུ་འཕུར་བ་ལ། སྒོམ་བཏབ་པས་སྒོམ་སྐྱེས། རྟ་ཅང་ཤེས་བང་བཏང་བའི་ཚེ། གསུང་ཚིག་གཅིག་གིས་གོ་བ་བླངས་ནས་ཚུར་ལོག །དེ་སྐབས་རྡོ་རྗེ་གདན་དུ་དུ་རུ་ཀའི་དམག་བྱུང་བ་སྤྲུལ་པས་བཟློག །སྐབས་ཤིག་འདམ་དུ་ཕེབས་ནས་ཆོས་གསུངས་ཤིང་འབུལ་བ་ཡང་བསམ་ལས་འདས་པ་བྱུང་བར་ཉི་མ་ཡང་ཤིན་ཏུ་རིང་བར་གྱུར་པས་ཆོས་གསུང་བ་སོགས་གྲུབ་ཚེ་ཉི་མ་བཞུད་འཕྲལ་ཐོ་རངས་སུ་སོང་བ་ཉི་མ་རྟོད་ལ་གནོན་པར་མཛད་པ་ཡིན་ལ། དེ་ནས་ཡང་ལན་གཅིག་བྱང་ནམ་རའི་རིར་བཞུགས་པའི་ཚེ་ལྷ་རྒྱལ་པོའི་ཚངས་པས་སེམས་ཅན་རྣམས་ལ་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པས། འབྲི་གུང་དུ་བྱོན་པའི་ཚེ་ལམ་དུ་ལྷ་ཆེན་བར་ལྷས་བསུ་བ་བྱས། ཐོག་མར་རྫན་ཐང་པའི་བྱིས་པ་རྣམས་ཀྱིས་བཞུགས་ཁྲི་བརྩིགས་པས་རྟེན་འབྲེལ་ལེགས་པར་འགྲིགས་ཅིང༌། དེར་བཞུགས་ནས་ཆོས་གསུངས་པས་སེམས་མེད་ཀྱི་འབྱུང་བ་ཆུས་ཀྱང་ཆོས་ཉན་པས། ཆུ་ཀླུང་འདི་ནཱ་གརྫུ་ནའི་སྒྲ་སྒྲོགས་པའི་སྒྲ་ཤིན་ཏུ་ཆེ་ཡང་འདི་ཐད་དུ་ད་ལྟ་དབྱར་དུས་ཀྱང་སྒྲ་ཆེར་མེད་པ་མངོན་སུམ་མཐུན་གྲུབ་ཏུ་ཡོད། དེ་ནས་རྫན་ཐང་ཞེས་པའི་གྲོང་ཁྱེར་དེར། རྔ་བོང་མི་རོ་ཁྱེར་བའི་ས་དགྲའི་གནོད་པ་ཡོད་པར་ལྷ་ཁང་དང་ཉིད་ཀྱི་སྐུ་བཞེངས་པར་རབ་གནས་མཛད་པས་ཡུན་རིང་པོའི་བར་དར་ཞིང་རྒྱས་པར་གྱུར་ཅིང༌། ཕྱིས་རྐུན་པོས་གཟུངས་བཞུགས་གཏོན་པར་བརྟེན་གྲོང་ཁྱེར་རྒུད་པ་ཡིན་པ་ལ། དེ་ནས་རིམ་པར་ཐེལ་དུ་ཕེབས་ཏེ། རྟོགས་ལྡན་མི་ཉག་སྒོམ་རིན་གྱིས་དགོན་པ་ཉེ་གནས་ཀྱིས་ཕུལ་བར་ཕྱག་ཕེབས་ཏེ། དང་པོར་བྲག་རིན་ཆེན་ཅན་གྱི་ཕུག་པར་བཞུགས། དགུང་ལོ་སོ་བདུན་པ་ས་ཕག་ལོར་གདན་ས་ཆེན་པོ་དཔལ་འབྲི་གུང་བྱང་ཆུབ་གླིང་གི་ཆོས་སྡེ་འདི་ཉིད་བཏབ་ཅིང་ཐོག་ཁ་གསེར་ཁང་དང༌། བླ་གཡེལ་ཆེན་པོ་སོགས་རིམ་གྱིས་བརྩིགས། དཔོན་སྒོམ་པ་རྡོ་རྗེ་སེང་གེ་ཕྲིན་ལས་ཀྱི་བྱེད་པོར་བསྐོས། དགེ་འདུན་ཡང་བསམ་གྱིས་མི་ཁྱབ་པ་འདུས་ཤིང་ཟབ་ཆོས་ཀྱི་ཆར་ཚད་མེད་པ་ཕབ་སྟེ་སེམས་ཅན་ཐམས་ཅད་སྨིན་ཅིང་གྲོལ་བར་མཛད། བོད་ཀྱི་ལྷ་ཆེན་དགུའི་ནང་ཚན་བར་ལྷ། བཙན་རྒོད་སོག་རྭ། ཆུ་འཕེན་ཀླུ་དབང༌། གཏེར་སྒྲོམ་སྨན་མོ། ཙོག་སྣའི་རྣམ་རྒྱལ་དཀར་པོ་སོགས་ཀྱིས་ཞབས་ལ་གཏུགས་ཤིང་སྐྱབས་འགྲོ་དང་དགེ་བསྙེན་གྱི་སྡོམ་པ་ཞུས་པས་བར་ལྷས་ས་དཀར། སོག་རྭས་ས་དམར། སྨན་མོས་སྦྱོར་སྡེ་མི་དགོས་པའི་ཞལ་བའི་ས། ཆུ་འཕེན་གྱིས་ཡོན་ཆབ་ཕུལ་ཏེ། དེ་ཡང་ས་ཕྱོགས་འདི་ཤིན་ཏུ་གྲང་ཤིང༌། ཡས་མས་ཐམས་ཅད་དུ་འཁྱགས་པ་ཆེ་ཡང་གླིང་གི་མདུན་ཐད་དྲང་པོར། དགུན་ཡང་འཁྱགས་པ་མི་ཡོང་བ་མངོན་སུམ་མཐོང་ཆོས་སུ་ཡོད། སྐབས་ཤིག་ཆུ་དཀོན་པར་བྱུང་བས། ཉེ་གནས་རིན་ཆེན་གྲགས་ལ་གཡུ་རྡོག་བརྒྱ་རྩ་བརྒྱད་བསྐུར་ནས་སྦས་བཅུག་པས་གཡུ་རྡོག་བརྒྱ་དང་བདུན་སྦས་པས་ཆུ་མིག་དེ་ལྟར་བྱུང་ཞིང༌། གཡུ་གཅིག་མ་སྦས་པར་སྣམ་ཕྲག་ཏུ་བཅུག་པས། སྦལ་པར་འདུག་པར་འཇིགས་ནས་འཕངས་པས། སྦལ་པའི་མིག་ཞར་བས་ཆུ་མིག་ཞར་མར་གྲགས་ཤིང༌། གླིང་ལོག་གི་སྐབས་མེས་ཚིག་པས་ཕལ་ཆེར་མེད་པར་གྱུར་ཅིང༌། ད་ལྟ་ཡང་འགའ་ཞིག་ཡོད། གསོ་སྦྱོང་ཡང་དུས་རྟག་ཏུ་མཛད་པར། ལན་གཅིག་དགེ་འདུན་འགའ་ཞིག་གིས་ཅུང་ཟད་ཕྱིས་པས་ཞོག་ཐོངས་གསུངས་པར། ཚངས་པ་ཆེན་པོས་གསོལ་བ་བཏབ་པས་སླར་ཡང་སྔོན་བཞིན་དུ་མཛད། འདི་སྐབས་འབྲི་གུང་དུ་བཞུགས་ཀྱང༌། གདན་ས་ཐེལ་གྱི་ཐུགས་ཁུར་ཀྱང་མཛད་པས་སྐབས་ཤིག་མཁའ་འགྲོ་མ་རྣམས་ཀྱིས་རྩ་རི་དག་པ་ཤྲཱིའི་ལྷ་ཉིས་སྟོང་བརྒྱད་བརྒྱའི་ལྷ་ཚོགས་རྟ་རྔའི་དྲྭ་བ་ལ་གདན་དྲངས་ཏེ་གཟིགས་ལམ་དུ་ཕབ་བས། འགྲོ་མགོན་ཕག་མོ་གྲུ་པའི་དགོངས་རྫོགས་སུ་དམིགས་ནས་གསེར་ཟངས་ལས་གྲུབ་པའི་བཀྲ་ཤིས་སྒོ་མང་བཞེངས་པར་མཛད་ཅིང༌། འདི་ནས་བཟུང་སྒོ་མང་བཞེངས་པའི་སྲོལ་ཚུགས། ལན་གཅིག་སྒམ་པོར་ཕེབས་པའི་ཚེ། ཟངས་ལུང་གི་དྭགས་པོ་རིན་པོ་ཆེའི་སྐུ་འབག་གི་སྨིན་མཚམས་ནས་འོད་ཟེར་བྱུང་ནས་ཉིད་དང་ཐ་དད་མེད་པར་འདྲེས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དབུལ་སེལ་ནམ་མཁའི་མཛོད་ལྟ་བུར་གྱུར། ཕྱིའི་སྣང་བ་ཐམས་ཅད་ནང་གི་རྟེན་འབྲེལ་དུ་གཟིགས་ནས། འཁོར་འདས་ཀྱི་རྒྱུ་འབྲས་ཐམས་ཅད་མངོན་དུ་གྱུར། འཕགས་པ་ཀུན་དགའ་བོ་མངོན་སུམ་དུ་གཟིགས་ནས་གསུང་རབ་ཐམས་ཅད་ཀྱི་སྒྲོ་འདོགས་བཅད། ལན་གཅིག་གི་ཚེ་བླ་མ་ཞང་གི་གསུངས་ནས། འདི་ལོ་ངེད་དང་འབྲི་གུང་པ་གཉིས་ལ། ཨྱོན་ནས་མཁའ་འགྲོ་མའི་གདན་འདྲེན་འོང༌། ཁོང་རྟེན་འབྲེལ་ལ་མངའ་བརྙེས་པས་གཤེགས་མི་དགོས། ངེད་ནི་འགྲོ་དགོས་པ་ཡོང་གསུངས་པ་ལྟར། མཁའ་འགྲོ་མ་རྣམས་ཀྱིས་མདོ་ལེར་བཏེགས་ནས་གདན་འདྲེན་དུ་བྱུང་བར། ཁོ་བོ་མཁའ་སྤྱོད་དུ་བཞུད་རེ་ཤི་བཞུད་རེ་ཀན་གསུངས་པས། མདོ་ལེ་བཞུགས་ཁྲི་དང་སྤྱན་འདྲེན་པའི་ཚིག་རྣམས་ཞབས་བརྟན་གྱི་ཚིག་དུ་བསྒྱུར་ནས་སླར་ཡང་བཞུགས་པར་གསོལ་བ་བཏབ། དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱིས་ཀྱང་ཕྱི་ནང་གི་མཆོད་པ་དང་རང་རང་གི་སྙིང་པོ་ཕུལ་ཏེ་མཆོག་ཏུ་མི་འགྱུར་བའི་ཡེ་ཤེས་གྲུབ་ཅིང་གདོང་གྲོགས་བྱེད་པར་དམ་བཅས། དེའི་ཚེ་ཉིད་ཀྱི་སློབ་མ་སྤྱན་སྔ་རྣམ་གཉིས་དང༌། མཁན་ཆེན་གུ་ར་བ། གཉོས་མགར་ཆོས་གསུམ་དང༌། གཞན་ཡང་སྔོན་གྱི་གྲུབ་ཐོབ་ཉག་སེ་དང༌། གཙང་གཙང་གཉིས་སོགས་མཚན་ཉིད་ཀྱི་ཚོགས་དཔོན་མང་པོ། ཐག་མ་འདུལ་འཛིན་དང་དྭགས་པོ་འདུལ་འཛིན་སོགས་འདུལ་འཛིན་མང་པོ། སྐྱོ་རྡོ་རྗེ་སྙིང་པོ་སོགས་བཀའ་གདམས་ཀྱི་དགེ་བཤེས། སྣུབས་དང་འཕགས་པ་སོགས་ལོ་ཙཱ་བ། ཀྲེ་རྔོག་གཉིས་སོགས་སྔགས་པའི་ཚོགས་དཔོན་མང་པོ། བདུད་རྩི་དང་བལ་པོ་སོགས་རྣལ་འབྱོར་པའི་ཚོགས་དཔོན་མང་པོ་སོགས་བསམ་གྱིས་མི་ཁྱབ་པ་འདུས་ཤིང་ཆོས་གསུངས་པའི་ཚེ་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབ་ཤིང༌། འཇའ་འོད་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་ཞིང༌། རྨ་ཆེན་སྤོམ་ར་དང་དགེ་བསྙེན་བཞི་སོགས་བོད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱིས་ཀྱང་ཆོས་ཉན་ཅིང༌། དེ་སྐབས་གྲུབ་ཐོབ་ཉག་སེས། ངའི་བླ་མ་ཕག་མོ་གྲུ་པ་དང་རྗེ་འབྲི་གུང་པ་ཆེན་པོ་འདི་ཉིད་དབྱེར་མ་མཆིས་ཞེས་ཤིན་ཏུ་གུས་པར་མཛད། དེ་ལྟར་ཚོགས་པ་རྒྱ་མཚོ་ལྟ་བུ་སྐྱོང་བ་ལ། ལྷོ་འཛམ་བུའི་གླིང་གི་བདེ་སྐྱིད་ཐམས་ཅད་འབྱུང་བའི་གནས། ཀླུའི་རྒྱལ་པོ་མ་དྲོས་པས་སྦྱིན་བདག་བྱས་ལོངས་སྤྱོད་ཕུན་སུམ་ཚོགས་པ་འབད་མེད་ལྷུན་གྲུབ་ཏུ་བྱུང༌། བོད་ཀྱི་ས་སྐྱོང་ཆེན་པོ་ཐམས་ཅད་དང༌། རྒྱ་དཀར་ནག །མི་ཉག་གར་ལོག །ཧོར་ལ་སོགས་པའི་རྒྱལ་པོ་ཆེན་པོ་ཐམས་ཅད་ཀྱིས་ཞབས་ལ་གུས་པས་གཏུགས་ཤིང་འབུལ་བ་བགྱིས། འདི་སྐབས་ཚོགས་འདུས་པ་ཆེན་པོ་བྱུང་བའི་ཐོག་མ་ཡིན་ཅིང༌། གཉོས་ཆེན་པོ་རྒྱལ་བ་ལྷ་ནང་པས་འབུལ་མོ་ཆེ་དང༌། བུར་འགྱེད་མཛད་པའི་སྐབས་འདུས་པ་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉི་ཤུ་རྩ་ལྔ་བྱུང་སྟེ། ལོག་རྟོག་ཅན་འགའ་ཞིག་གིས་ལྔ་ཁོ་ན་སྒྲིག་པ་འཐད་ལེགས་པ་ཡིན་ཞེས་སྨྲ་བ་མི་བདེན་ཏེ། ཡབ་སྲས་གཉིས་ཀྱི་ཕུན་སུམ་ཚོགས་པའི་རྟེན་འབྲེལ་གྱི་མཐུ་ལས། དེ་ལྟར་མ་སྒྲིག་ལྷུན་གྲུབ་ཏུ་བྱུང་བ་ཡིན་ནོ། །འདི་སྐབས་ངམ་ཤོད་ཀྱི་བཙད་པོ་རྣམས་འཁྲུགས་པ་ཆེར་བྱུང་བ་རྗེ་ཉིད་ཕེབས་ཏེ་ལོ་བཅོ་བརྒྱད་ཀྱི་བར་དུ་འཁྲུགས་པ་བསྡུམ་པར་མཛད་ཅིང༌། བསམ་ཡས་ཀྱི་ཞིག་གསོས་ཀྱང་མཛད། སྐབས་ཤིག་ཕྱུག་པོ་བུ་མེད་པ་ཞིག་གིས་རྟེན་གསུམ་གང་ཡོད་གདན་ས་ཕག་མོ་གྲུར་ཕུལ་བས་ངམ་ཤོད་པ་རྣམས་ཀྱི་སྙིང་ལ་བདུད་ཞུགས་ཏེ། འདི་ལྟར་ན་ངེད་ཡུལ་པ་རྣམས་ལ་ཤིན་ཏུ་གནོད་པས་གདན་ས་བཤིག་དགོས་ཞེས་བཤིག་པར་ཐག་ཆོད་ཅིང༌། ཐབས་གཞན་ཅི་ཡང་མ་རྙེད་པའི་ཚེ། བླ་མའི་ཐུགས་དགོངས་བླ་མར་ཕུལ་བས་རྫོགས་ཞེས་གསུངས་ནས་ཆོས་རྣམས་སྒམ་པོར་གདན་དྲངས། ཉིད་ཀྱི་བཞེངས་པའི་བཀྲ་ཤིས་སྒོ་མང་ཀྱང་ཤིང་རྟར་བཞུགས་ཏེ་འབྲི་གུང་དུ་གདན་དྲངས། རྗེ་ཉིད་ཀྱིས་ཞབས་རྗེན་གྱིས་ཙོག་སྣའི་ཡར་ནང་ནས་དགེ་འདུན་བཅས་སེར་སྒྲེང་གི་བསུ་བ་མཛད་ཅིང༌། གླིང་རིན་པོ་ཆེར་རེ་ཞིག་བཞུགས་པས། གདན་ས་ཕག་མོ་གྲུར་ངམ་ཤོད་པའི་གནོད་པ་དང་བྲལ་ཏེ་ཞབས་ཏོག་རྨད་དུ་བྱུང་བ་འགྲུབ་ཀྱང༌། སྟག་ལུང་ཐང་པའི་ཐུགས་ལ་མ་ཤོང་བས། སྒོ་མང་སླར་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉིད་དུ་གདན་དྲངས་ཤིང༌། དེ་ཚབ་བྱང་གླིང་འདིར་བྲག་སེང་གེའི་སྤུངས་པ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གཟིགས་ཤིང་དེའི་ཐད་དུ་གཙུག་ལག་ཁང་བཞེངས་ནས་བཀྲ་ཤིས་སྒོ་མང་གསེར་ཟངས་ལས་གྲུབཔ་འི་ཐོག་ཚད་ལྔ་པ་ལྷ་ཉིས་སྟོང་བརྒྱད་བརྒྱ་སོགས་སྔོན་ལྟར་ལས། ལྷ་རེར་ཡང་ངོ་མཚར་བསམ་གྱིས་མི་ཁྱབ་པ། བསྟན་པ་རྒྱས་ཤིང་སེམས་ཅན་གྱི་བདེ་སྐྱིད་ཕུན་སུམ་ཚོགས་པར་འབྱུང་བའི་རྟེན་འབྲེལ་ཅན་རྨད་དུ་བྱུང་བ་བཞེངས་ནས་ཕྱག་ཏུ་བཞུགས་པའི་རྟེན་ཁྱད་པར་ཅན་གང་ཡོད་ཀྱང་དེར་བཞུགས་སུ་གསོལ། སྔོན་ཐུགས་དམ་གྱི་ལྷ་རྡོ་རྗེ་འཇིགས་བྱེད་ཡིན་པ་བཤད་ཟིན་པ་ལྟར་དང༌། ཕག་གྲུ་དང་མཇལ་ནས་དབང་དང་གདམས་པ་བསྩལ་བ་བཞིན། ཡི་དམ་གྱི་གཙོ་བོ་བདེ་མཆོག་དྲིལ་བུ་ལུགས་ལྷན་སྐྱེས་ལྷ་ལྔ་ཉིད་ལ་མཛད་ཅིང༌། འཁོར་ལོ་སྡོམ་པའི་སྐུར་བཞེངས་ནས། གདུལ་དཀའི་གདུག་པ་ཅན་རྣམས་འདུལ་བར་མཛད། སྐབས་ཤིག་ཧོར་དམག་གིས་མི་ཉག་གི་རྒྱལ་ཁམས་བཅོམ། དེའི་མི་རྣམས་སྲོག་གི་འཇིགས་པ་ལས་སྐྱབས། འདི་སྐབས་འདུས་པ་སྔ་མ་ལས་ཀྱང་ཆེར་རྒྱས་ཏེ། འཁོར་ཕྱོགས་གཅིག་འདུས་པ་བདུན་ཁྲི་ལ། རབ་ཚེ་འདིར་སངས་རྒྱས་ཐོབ་པ་མང༌། །འབྲིང་ས་བཅུའི་དབང་ཕྱུག་མན་ཆད་ནས། །དབང་སེམས་ཉིད་རྟོགས་པ་ཡན་ཆོད་ལ། །འཁོར་ཁྲི་ཕྲག་བྱེ་བ་བསམ་ཡས་ཀྱང༌། །ཞེས་རྣམ་ཐར་མཐོང་བ་དོན་ཡོད་མ་ནས་གསུངས་པ་ལྟར། ཐ་མ་རྣམས་ཀྱང་སེམས་ཀྱི་ངོ་བོ་མཐོང་བ་ཤ་སྟག་ཡིན་ཅིང༌། དེ་ཡང་གོང་གི་ལུང་བསྟན་ལས། སྤྲུལ་སྐུའི་སེམས་དཔའ་འབུམ་ཕྲག་ཚོགས་ཀྱིས་བསྐོར༔ ཞེས་པ། སྤྲུལ་སྐུ་ཞེས་པ་ནི། ཐམས་ཅད་རབ་ཏུ་བྱུང་ཞིང་ཚུལ་ཁྲིམས་རྣམ་པར་དག་པ་ཁོ་ན་དང༌། སེམས་དཔའ་ནི་ཐམས་ཅད་ཀྱང་བྱང་ཆུབ་སེམས་དཔའ་ཡིན་པར་དགོངས་པའོ། །གཞན་ཡང་ངོ་མཚར་བའི་མཛད་པ་ནི། དུས་སྐད་ཅིག་མ་རེ་ལ་ཡང༌། སངས་རྒྱས་ཀྱི་ཞིང་ཐམས་ཅད་དུ་གཤེགས་ཤིང་སངས་རྒྱས་ཐམས་ཅད་ལ་ཆོས་གསན་ཅིང༌། སྐུའི་བཀོད་པ་དང་རྣམ་འཕྲུལ་སྣ་ཚོགས་པ་བསྟན། མཚན་ཐོས་པ་དང་བླ་གཡེལ་དུ་ཕྱིན་པ་ཙམ་གྱིས་ངན་སོང་དུ་མི་གཏོང་བའི་དབུ་སྙུང་བཞེས། གདུལ་བྱའི་སེམས་ཅན་ལ་ཉེ་རིང་མེད་པར་གང་གིས་གསོལ་བ་བཏབ་པ་དེའི་མདུན་དུ་བྱོན་ནས་བྱིན་གྱིས་བརླབས་པར་མཛད། དགེ་འདུན་རྣམས་ཀྱི་ཕ་མ་ཉེ་དུ་ཚུན་ཆད་འཆི་བའི་ཚེ་གདུང་ཤུགས་ཀྱིས་ཁྱོད་དྲན་ཅིང༌། དེའི་རྐྱེན་གྱིས་ང་དྲན་ནས་རྣམ་ཤེས་བླ་མར་འཕོ་བའི་ཚེ་ཕྱི་མ་ངན་སོང་མེད་ཅེས་པ་དང༌། རྗེ་ཉིད་ལ་གསོལ་བ་བཏབ་ན། ཏིང་ངེ་འཛིན་རྒྱུད་ལ་སྐྱེ་ངེས་ཞེས་པ་དང༌། འབྲི་གུང་གི་རི་འདི་ལ་གནས་པའི་སྲོག་ཆགས་གྲོགས་སྦུར་ཚུན་ཆད་ཀྱང་ངན་སོང་དུ་མི་སྐྱེ་བ་དང༌། རྒྱང་རིང་པོར་གནས་པའི་མོས་གུས་ཅན་རྣམས་ཀྱང༌། མོས་གུས་ཀྱི་བསམ་པ་དང་མ་བྲལ་ན། ཚེ་འཕོས་མ་ཐག་ཏུ་བདེ་བ་ཅན་དུ་སྐྱེ་བ་དང༌། སྤྱིར་མཚན་ཐོས་པ་ཙམ་གྱིས་ངན་སོང་གསུམ་ལས་གྲོལ་ཞིང༌། སྒོས་ཞལ་མཐོང་གསུང་ཐོས་ཐམས་ཅད་ཐར་པ་ཐོབ་པ་དང༌། འབྲི་གུང་ཐེལ་དུ་གང་ཤི་བ་ཐམས་ཅད་ངན་སོང་དུ་མི་གཏོང་བ་སོགས་ངེས་དོན་གྱི་བཀའ་དུ་མ་བསྩལ་ཞིང༌། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་གསལ་བྱེད་ཐུན་མོང་མ་ཡིན་པ་དམ་ཆོས་དགོངས་པ་གཅིག་པ་རྡོ་རྗེའི་གསུང་བརྒྱ་ལྔ་བཅུ་པ་དང༌། ལྷན་ཐབས་བཞི་བཅུ་པ་བཅས་སྔ་ཕྱིར་གསུངས་པ་རྣམས་སྤྱན་སྔ་ཤེར་འབྱུང་གིས་བཀའ་བསྡུ་བ་མཛད་པ་སྔོན་དུ་ཡང་བརྗོད་པ་ལྟར། ལྷའི་རྒྱལ་པོ་ཚངས་པ་དང་བརྒྱ་བྱིན་གྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་དུས་རྟག་ཏུ་གསོལ་བ་འདེབས་ཤིང་འདི་སྐབས་ཚེས་བཅོ་ལྔའི་ནུབ་མོ་བོད་ཀྱི་ས་ཐམས་ཅད་ལ་དབང་བསྒྱུར་ཞིང༌། བདེ་སྡུག་ཐམས་ཅད་འབྱུང་བའི་གཞིར་གྱུར་པ། ཀླུའི་རྒྱལ་པོ་མལ་དྲོ་གཟི་ཅན་རང་གཟུགས་ཀྱིས་ཆོས་ཉན་དུ་ཡོང་བར་མཁྱེན་པས། རྫུ་འཕྲུལ་ཐོབ་པ་རྣམས་ཀྱིས་ཀླུ་རྒྱལ་ལ་ཕར་གནོད་པ་བྱས་ཀྱི་དོགས་པ་དང༌། མ་ཐོབ་པ་རྣམས་ལ་ཀླུ་ལ་ཆོས་ཉན་པར་གནོད་སེམས་མེད་ཀྱང་ཁ་རླངས་ཀྱིས་དོག་ཕོག་གི་དོགས་ནས་དོ་ནུབ་འུར་ལྡིར་གྱི་སྒྲ་དྲག་པོ་ཇི་ལྟར་བྱུང་ཡང་སུས་ཀྱང་མ་ལྟ་ཞིག །ཅེས་ཉེ་གནས་འཕྲིན་བསྐྱེལ་དུ་བཏང་བས། གཞན་མ་ཐམས་ཅད་ཕྲིན་བསྐྱལ་རུང༌། གྲུབ་ཐོབ་མགར་དམ་པ་བླ་གཡེལ་ཕུག་རིངས་སུ་བཞུགས་པ། བླ་གཡེལ་གྱི་སྣེ་སྒོ་དང༌། ཕུག་ཉིད་གསེར་ཁང་གི་འོག་ཏུ་ཡོད་པས་ཕུག་ཤིན་ཏུ་རིང་བས་གསན་མི་ཡོང་སྙམ་ནས་བཏང་སྙོམས་སུ་བཞག་པས་དེ་ནུབ་ཐུག་ཆོམས་ཀྱི་སྒྲ་ཆེན་པོ་བྱུང་བ། མགར་དམ་པས་གསན་ནས། ཅི་ཡིན་སྙམ་ཕྱིར་བྱོན་ནས་གཟིགས་པས། སྦྲུལ་སྔོ་ནག་འཇིགས་སུ་རུང་བ་ཞིག་གིས་གླིང་རིན་པོ་ཆེར་ལན་གསུམ་བསྐོར་ཏེ་མགོ་གཟིམས་ཆུང་གསེར་ཁང་གི་ཐད་དེར་འདུག་པ་བརྟག་པར་མ་མཛད་པར། ཁོས་ངའི་བླ་མ་རིན་པོ་ཆེར་གནོད་པ་བྱེད་པ་ཡིན་འདུག་དགོངས་ནས། ཁྱུང་ཆེན་པོ་ཞིག་ཏུ་སྤྲུལ་ཏེ་དེད་པས་རོལ་པ་འཕྲང་གི་མར་ཟུར་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་སྦྲུལ་གྱི་རྗེས་ཤིན་ཏུ་གསལ་བ་འཇམ་ཞིང་གཞན་ལས་སྔོ་བ་དང༌། དེ་ནས་སྡེར་མོ་མིག་ཏུ་ཕ་བོང་ཆེན་པོ་ཞིག་གི་སྟེང་དུ་ཁྱུང་བབས་པའི་རྗེས་ཀྱང་ཤིན་ཏུ་གསལ་བར་ཡོད་ཅིང༌། དེར་མ་ཟད་ཁྱུང་ངར་སྒལ་དུ་ཆུ་འགྲམ་དུ་ཁྱུང་དང་སྦྲུལ་རྗེས་མང་དུ་འདུག །ཕྱིས་རྗེ་ཆོས་ཀྱི་གྲགས་པའི་སྐུ་ཐོག་བར་དུ་རེས་འགའ་བཅོ་ལྔའི་དུས་ཆེན་ཀྱི་སྐབས། ཉ་ཁྲ་ཁྱུག་གེ་བ་ཞིག་ཏུ་སྤྲུལ་ནས་གསེར་ཁང་གི་ཡོན་ཆབ་ནང་དུ་ཇ་ཡུན་རེ་ཙམ་སྡོད་པ་ཁུངས་ཐུབ་ཚད་ལྡན་གྱི་གསུང་རྒྱུན་ཡིན་ནོ། །སིང་གྷ་གླིང་གི་དགྲ་བཅོམ་པས་པད་དཀར་གྱི་སྐྱེས་བསྐུར་བ་སྔོན་དུ་བརྗོད་པ་ལྟར། པཎ་ཆེན་ཤཱཀྱ་ཤྲཱི་ཉིད་ཀྱི་ཉེ་གནས་ལ་བསྐུར་ཏེ་འབུལ་དུ་བཏང་བར་གཞོ་རོང་གི་མདར་སླེབ་ཚེ། ཆུ་ཀླུང་གིས་ནཱ་གརྫུ་ནའི་སྒྲ་སྒྲོགས་པ་གསལ་པོར་ཐོས་ཤིང༌། མེ་ཏོག་པདྨ་ཡང་ཁ་བྱེ་བས་པད་དཀར་སྐྱོབ་པ་རིན་པོ་ཆེར་ཕུལ་ཞིང་ད་ལྟ་ཡང་འཛམ་གླིང་རྒྱན་དུ་བཞུགས་སོ། །སླར་འབུལ་བ་མང་དུ་བསྐུར་ནས་པཎ་ཆེན་གདན་འདྲེན་མཛད་ཀྱང་བསྟོད་པའི་ཚིགས་སུ་བཅད་པ་མཛད་དེ་སྐུ་ཉིད་དངོས་སུ་མ་བྱོན་ཏེ། དེ་ཡང་དགྲ་བཅོམ་པ་ཉིད་ཀྱིས་པཎ་ཆེན་གྱི་གཅུང་པོ་ལ་གསུང་འཕྲིན་དང་མེ་ཏོག་བསྐུར་བའི་འཕྲོ་ལས། འབྲི་གུང་དུ་གདན་འདྲེན་དུ་ཡོང་ཡང་མ་བྱོན་པར་སྐྱེས་ལན་ཚིགས་སུ་བཅད་པ་ཞིག་བསྐུར་ཞིང༌། དེ་ཅིའི་ཕྱིར་ཞེ་ན། སློབ་དཔོན་ཀླུ་སྒྲུབ་ཉིད། ལྟ་བའི་སྙིགས་མ་རྣམས་བསལ་ནས་ཡང་དག་པའི་ལྟ་བ་ལ་འཛུད་པའི་ཕྱིར་བསམ་བཞིན་དུ་བྱོན་པ་ཡིན་པས། དེའི་སྟོན་པར་ཁྱེད་མི་དགོས་པས་ཤེས་པར་གྱིས་ཤིག་ཅེས་གསུངས་པ་ལྟར་མཛད་པ་ཡིན་ཅིང༌། འདི་སྐབས་པཎ་ཆུང་རྣམས་ལ་ཡང་བཀའ་གྲོས་ཀྱི་རྣམ་པ་ཙམ་མཛད་ཚེ་བི་བྷུ་ཏི་ཙནྡྲས་དེ་སྐབས་རྒྱ་མ་དབོན་སྟོན་གྱི་གདན་འདྲེན་ཡང་བྱུང་བས། ངེད་རང་རྣམས་བཀའ་གདམས་པའི་ཐད་དུ་འབྱོན། །ཕྱག་ཆེན་པ་འདི་ཚོ་རྫུན་ཆེ་ཟེར་ཞེས་ཞུས་པས། བྷུ་ཏི་བྷུ་ཏི་དེ་སྐད་མ་ཟེར། ངེད་ཀྱིས་བསྙེན་པར་རྫོགས་པ་ཐམས་ཅད་ལ་ཆོས་གོས་རེ་སྟེར་བར་གོ་ནས། མགོན་པོ་འབྲི་གུང་པའི་གྲྭ་པར་གཏོགས་ཙམ་ཁམས་པ་ཅི་ཡང་མི་ཤེས་པ་ཞིག་ཆོས་གོས་འདོད་ནས་བསྙེན་རྫོགས་ཞུར་བྱུང་བ། དེ་སྐབས་ཆོས་གོས་གཞན་མེད་པ་དང་ཐུག་ནས་ཆོས་གོས་ཀྱི་རྒྱུ་བྱིན་ཡང་མ་ཆོག་པར་ངེད་ཀྱི་གྱོན་པའི་ཆོས་གོས་ལ་འཇུས་ནས་འདི་གནང་དགོས་ཞེས་ཟེར་བར། ཉེ་གནས་ཇོ་སྲས་ཉི་མས་འཕུལ་བརྡེག་བྱས་པར་ཁམས་པ་འགྱེལ་ཞིིང་སྣ་ཁྲག་ཤོར་བས། ནང་རེ་ཡན་ལག་བདུན་པའི་སྐབས་སྒྲོལ་མ་དངོས་སུ་འབྱོན་པར། ཞག་དྲུག་གི་བར་དུ་རྩ་བ་ནས་མ་བྱོན་ཞིང་བདུན་པའི་ནང་མོར་སྐུ་རྒྱབ་བསྟན་ནས་བྱོན་པར། བདག་གིས་ཅི་ཉེས་ཞུས་པས། ཁྱོད་ཀྱི་ཉེ་གནས་ཀྱིས་ཀླུ་སྒྲུབ་ཀྱི་གྲྭ་པར་འཕུལ་བརྡེག་བྱས་ནས་ཁྲག་བྱུང་བས་ཡིན་གསུངས། ད་བཤགས་པ་ཇི་ལྟར་དགོས་ཞུས་པས། པཎྜི་ཏ་ཉིད་ཀྱི་ལོ་གྲངས་དང་མཉམ་པའི་དགེ་སློང་ཆོས་གོས་མེད་པ་ལ་ཆོས་གོས་བྱིན་ཞེས་གསུངས་པ་ཡིན། ཡུལ་ཤིན་ཏུ་གཉན་པས་བཤགས་པ་གྱིས་གསུངས་ནས། བི་བྷུ་ཏི་ཙནྡྲ་འབྲི་གུང་དུ་བྱོན་ནས་བཤགས་པ་ཡང་དག་པར་མཛད། ད་དུང་ཡུལ་གཉན་པས་བཤགས་པའི་འཕྲོས་དྲང་སྲོང་སྲིན་པོ་རིར་འཁོར་ལོ་སྡོམ་པའི་སྐུ་བཞེངས། ཉིད་ཀྱི་མཚན་དངོས་རིན་ཆེན་དཔལ་ཡིན་མོད་ཀྱང༌། རྗེ་ཕག་མོ་གྲུ་པ་ལ་ཆེ་བརྗོད་མཛད་ནས། རྗེ་འཇིག་རྟེན་གསུམ་གྱི་མགོན་པོ་དང༌། སྐྱོབ་པ་རིན་པོ་ཆེ་ཞེས་གསུངས་པ་སློབ་མ་རྣམས་ཀྱིས་རྗེ་ཉིད་ལ་གསོལ་བས། མཚན་དེ་ལྟར་གྲགས་པ་ཡིན་ཅིང༌། འགའ་ཞིག་གིས་སྤྱན་སྔ་འབྲི་གུང་གླིང་པ་ཞེས་པ། རྗེ་སྐྱོབ་པ་རིན་པོ་ཆེ་ཡིན་པར་སེམས་པ་ནི་འཁྲུལ་པ་ཆེན་པོ་སྟེ། མཚན་དེ་ཤེར་འབྱུང་གི་མཚན་ཡིན་ལ། ཤེར་འབྱུང་གྲགས་འབྱུང་སོགས་སློབ་མའི་གཙོ་བོ་ཚོགས་ཆོས་ཀྱི་སྐབས་མ་ཡིན་པར་ཡང་སྐུ་མདུན་དུ་བཞུགས་ནས། ཆོས་ཀྱི་ཞུ་བ་མཛད་པ་རྣམས་ལ་སྤྱན་སྔ་ཞེས་གྲགས་ཤིང༌། ཕྱིས་སུ་རྗེ་བཅུ་གཉིས་པ་དང༌། ཉེར་གཉིས་པ་ལ་ཡང༌། བླ་མ་གོང་མ་རྣམས་ཀྱི་སྤྱན་སྔར་བཞུགས་པས། སྤྱན་སྔ་ཞེས་མཚན་དུ་གསོལ་འདུག། འདི་སྐབས་ས་སྐྱ་ན་མཁས་པ་འབྲུ་སྐྱ་མོ་ཞེས་པ་ཤིན་ཏུ་མཁས་པ་ཞིག་རྩོད་པར་བཏང་བས་རྗེ་ཉིད་ཀྱི་ཞལ་མཇལ་ཚེ་བསྟན་པའི་བདག་པོ་དངོས་དང༌། སྤྱན་སྔ་ཤེར་འབྱུང་དང་གྲགས་འབྱུང་གཉིས་ཤཱ་རིའི་བུ་དང༌། མོའུ་འགལ་གྱི་བུར་མཐོང་ནས་རྩོད་པའི་སྐབས་དང་བྲལ་བར་གྱུར་ཏེ་མི་ཕྱེད་པའི་དད་པ་ཐོབ་ནས་སློབ་མའི་མཆོག་ཏུ་གྱུར་ཅིང༌། རྗེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་དགོངས་པ་གསལ་བར་མཛད་པའི་བསྟན་བཅོས། ཐེག་ཆེན་བསྟན་པའི་སྙིང་པོ་མཛད། འདི་སྐབས་ཚོགས་པ་སྔོན་མ་ལས་ཀྱང་ཆེར་རྒྱས་ནས་དབྱར་གནས་གཅིག་གི་སྐབས་དགེ་འདུན་འབུམ་ཕྲག་གཅིག་གིས་ཚུལ་ཤིང་བཞེས་པ་དང༌། དེ་ནས་མི་རིང་བར་དེ་བས་ཀྱང་ཚོགས་པ་ཆེར་སོང་སྟེ་གནས་གསུམ་སོགས་གནས་ཁྱད་པར་ཅན་རྣམས་རི་པ་ཉིས་སྟོང་བདུད་རྒྱ་བརྫངས་པས་ཕྱི་ལོར་ཁྲི་ཕྲག་བཅུ་གསུམ་ཚོགས་སུ་འདུས་ཏེ། དེ་ཡང་རྣམ་ཐར་ཕྱག་རྒྱ་མེ་ཏོག་ལས། ན་ནིང་དུས་ཀྱི་སྐབས་ཤིག་ན། བུ་ཞབས་ཏོག་ཅན་གྱི་རྣལ་འབྱོར་པ། །ཉིས་སྟོང་བདུན་བརྒྱ་རི་ལ་སོང༌། །དོ་གཅིག་དུས་ཀྱི་དེང་སང་ན། །ཁྲི་ཕྲག་བཅུ་གསུམ་ཚོགས་སུ་ཚོགས། །ཞེས་གསུངས་ཤིང༌། དེ་སྐབས་ཀརྨ་པ་དུས་གསུམ་མཁྱེན་པ་སྒམ་པོ་གནས་ནས་ཚུར་ཕུ་འདེབས་པ་སོགས་དོན་ཆེན་པོ་འགའ་ཞིག་སྒྲུབ་པའི་ཆེད་དུ་བྱོན་པ་ཚུར་ལམ་འབྲི་གུང་དུ་སྐྱོབ་པ་རིན་པོ་ཆེའི་སྙན་པ་གསན་ནས་མཇལ་དུ་བྱོན་པ་འབམ་ཐང་ནས་ཆོས་རྗེ་ཉིད་དགེ་འདུན་འདུས་པར་བཅས་པའི་སེར་སྦྲེངས་ཀྱི་བསུ་བ་མཛད་པས། རྗེ་ཉིད་བསྟན་པའི་བདག་པོ་དང༌། སྤྱན་སྔ་རྣམ་གཉིས་མཆོག་ཟུང་སོགས་དགྲ་བཅོམ་པའི་ཚོགས་ཀྱིས་བསྐོར་བར་གཟིགས་ནས་ཀརྨ་པས་སྔོན་དུ་ཕྱག་མཛད་ཅིང༌། སླར་གསེར་ཁང་དུ་ཕེབས་པའི་ཚེ། རྗེ་ཉིད་ཤཱཀྱའི་རྒྱལ་པོ་སྔོན་ལྟར་དང༌། སྤྱན་སྔ་རྣམ་གཉིས་བྱམས་པ་འཇམ་དབྱངས། འཁོར་གྱི་གཙོ་བོ་རྣམས་ཉེ་བའི་སྲས་བརྒྱད་སོགས་བྱང་ཆུབ་སེམས་དཔའི་ཚོགས་ཀྱི་བསྐོར་བར་གཟིགས་ཏེ། དུས་མཁྱེན་གྱིས་བསྟན་པའི་བདག་པོ་དངོས་ཡིན་པར་དགོངས་ཏེ། མོས་གུས་ཚད་མེད་པ་སྐྱེས་ཤིང༌། ཆོས་གསན་ཅིང་བླ་མར་བཀུར། གླིང་འདི་ཉིད་ཀྱང་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དུ་གཟིགས་ཤིང༌། དུར་ཁྲོད་བརྒྱད་ཀྱང་བསྐོར་ཐབས་སུ་ཚང་བར་ཡོད་ཅིང་མི་འགྱུར་བའི་རྟགས་སུ་ཕྱོགས་བཞིར་ཞབས་རྗེས་དང༌། འཛམ་གླིང་རྒྱན་གྱི་རྒྱབ་བྲག་ཏིང་འཛིན་སྤུངས་པའི་འདེབས་སུ་ཞབས་རྗེས་ཀྱང་ཡོད། འདིའི་གོང་ཙམ་དུ། བུ་སློབ་ཆེ་བ་རྣམས་ཐོག་མར་འདུས་པའི་སྐབས་ཤིག །བུ་སློབ་རྣམས་ཀྱིས་གདན་ས་རེ་ཞིག་སློབ་མ་ཆེན་པོ་རྣམས་ཀྱིས་སྐྱོང་བར་ནུས་མོད་ཀྱི། མ་འོངས་ཕྱི་མའི་དུས་ན་རིང་མོ་ཞིག་བར་དབོན་བརྒྱུད་ཀྱིས་བསྐྱངས་ན་ལེགས་པར་དགོངས་ཏེ་རྗེ་འཇིག་རྟེན་གསུམ་གྱི་མགོན་པོར་དབོན་བརྒྱུད་བསྟན་པའི་གསལ་བྱེད་དུ་གསོལ་བ་བཏབ་པ་བཞིན་གནང་སྟེ། དཔལ་ཆེན་ཤྲི་ཕུག་པ་ཁམས་སུ་བརྫངས་ཏེ། རྗེ་ཉིད་ཀྱི་ཁུ་བོ་དཀོན་མཆོག་རིན་ཆེན་གྱི་སྲས། ཨ་ཉེ་ཨ་དྲག་ཡབ་སྲས་རྣམས་ལ་དཔལ་ཆེན་གྱི་རྫུ་འཕྲུལ་དུ་མ་བསྟན་ཅིང༌། ཆོས་རྗེའི་བསྔགས་པ་བརྗོད་པས། དབོན་གཅུང་སོགས་ཆོས་རྗེའི་སྐུ་དྲུང་རིམ་པར་བྱོན་ནས། བསྟན་པའི་གསལ་བྱེད་ཆེན་པོར་གྱུར་པ་འོག་ཏུ་བསྟན་པ་ལྟར་ཡིན་ནོ། །སྟག་ལུང་པའི་ཡིག་ཆར་སྟག་ལུང་ཐང་པས་ཆོས་གསུངས་པས། རྗེ་སྐྱོབ་པ་རིན་པོ་ཆེས་ཕྱག་འཚལ་ཞེས་བརྗོད་ཅིང༌། སློབ་མའི་གྲས་སུ་ཡང༌། རྗེ་སྐྱོབ་པ་རིན་ཆེར་འདྲེན་པ་ཤིན་ཏུ་མ་དག་སྟེ། རྗེ་ཕག་མོ་གྲུ་པའི་སློབ་མ་རྡོ་རྗེའི་སྤུན་དུ་གྱུར་པ་ཡིན་མོད་ཀྱང༌། སྔོན་བཤད་ལྟར་རྟེན་འབྲེལ་གྱི་དབང་གིས་རྗེ་སྐྱོབ་པ་རིན་ཆེའི་ཕྲིན་ལས་ཀྱི་ཆ་ཙམ་ཡང་སྟག་ལུང་པར་མ་བྱུང་ཞིང༌། ཕག་མོ་གྲུའི་གདན་སར་བཞུགས་མ་བཞུགས་ཀྱི་དབང་གིས་རྗེ་འཇིག་རྟེན་གསུམ་མགོན་ལ་སྟག་ལུང་པས་ཕྱག་འཚལ་ཞིང་བླ་མར་བཀུར་དགོས་པས། ལན་གཅིག་སྟག་ལུང་ཐང་པས་འབུལ་བ་ཆེན་པོ་བསྐུར་ནས་ཁྱེད་བླ་མ་བསྟེན་ཡུན་ཐུང་བས་ཁྱེད་ཀྱིས་མ་གསན་པའི་གདམས་པ་མང་པོ་བདག་ལ་ཡོད་ཀྱིས་ཞུ་བར་བྱོན་ཞེས་གསུངས་པས། འབུལ་བ་ལས་ལྷག་པའི་སྐྱེས་ལན་བཟང་པོ་གནང་བས། བདེ་མོ་དྲུག་གི་དབྱངས་དང༌། མཇུག་ཏུ་བླ་མ་བསྟེན་ཡུན་ཐུང་སྙམ་བདག་ལ་མེད། །གདམས་ངག་གནང་ཞེས་བྱ་བ་ཐུགས་ལ་བཏགས། །ཞེས་གསུངས་ནས་མ་བྱོན་ཞིང༌། འབྲི་གུང་གི་ཡིག་ཆ་ཁོ་ནར་ཡིན་ལ། རང་འདོད་ཡིན་དུ་ཆུག་ཀྱང༌། འབྲུག་པ་ཐམས་ཅད་མཁྱེན་པ་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་ལས་ཀྱང་གསལ་པོར་གསུངས་པ་བསྙོན་དུ་མེད་དོ། །འདི་སྐབས་ཤིག་གྲུབ་ཐོབ་མགར་དམ་པ་ལ། ཁྱོད་རང་སོང་ལ་སོག་ཟམ་ཁར་སྒར་ཐོབ་ལ་ཀླུ་ལ་གཏོར་མ་ཞིག་བྱིན་དང༌། ནོར་ཁྱད་པར་ཅན་ཞིག་ཡོང་བ་ཡོད་ཀྱིས་སོང་ཞིག །གསུངས་པ་ལྟར་བྱོན་ནས། གཏོར་མ་གནང་བས་ཀླུའི་རྒྱལ་པོ་སོག་མ་མེད་ཀྱིས་སངས་རྒྱས་ཀྱི་ཚེམས་མཆེ་བ་བཞི་པ་དང༌། ནོར་བུ་ཁྱད་པར་ཅན་གསུམ་ཡང་ཕུལ་ཏེ། དེ་ཡང་སངས་རྒྱས་ཀྱི་ཚེམས་མཆེ་བ་བཞི་ལས། བཞི་པ་སྒྲ་སྒྲོགས་ཀླུའི་རྒྱལ་པོས་མཆོད། །ཞེས་པ་ནི་ཀླུའི་རྒྱལ་པོ་སོག་མ་མེད་ཡིན་ཏེ། ཀླུའི་རྒྱལ་པོ་ཆེན་པོ་རྣམས་ལ་རྒྱུ་བའི་སྒོ་དུ་མ་ཞིག་ཡོང་བས། ཀླུ་རྒྱལ་པོ་སོག་མ་མེད་གཙོ་ཆེར་རྒྱ་གར་མ་ག་དྷར་གནས་མོད་ཀྱང༌། རྒྱུ་བའི་སྒོ་སོག་ཟམ་ཁ་ཡིན་པས་དེར་བྱོན་ནས་ཕུལ་བ་ཡིན་ཅིང༌། ནོར་བུ་ཚེམས་དང་བཅས་པ་བསྣམས་ནས། རྗེ་འཇིག་རྟེན་གསུམ་མགོན་གྱི་དྲུང་དུ་ཕུལ་བས། ནོར་བདག་པོ་ལ་སྤྲད་པ་ལེགས། འོན་ཀྱང་ཁྱོད་རྒྱུའི་སྟོབས་ཅན་ཞིག་ཡིན་པས་ཁོ་བོའི་འདྲ་འབག་ཞིག་གྱིས་ལ་དེའི་ནང་དུ་བཞུགས་ཤིག །ཞེས་གསུངས་པ་ལྟར། གྲུབ་ཐོབ་མགར་གྱིས་རྒྱ་ནག་གི་བཟོ་བོ་བོས་ཏེ། ཐེལ་ཞོལ་དུ་བཟོ་ཐབ་བཙུགས་ནས་ཆོས་རྗེ་རིན་པོ་ཆེའི་སྐུ་བཞེངས་ཤིང༌། དེའི་ནང་དུ་དེ་བཞིན་གཤེགས་པའི་ཚེམས་བཞུགས། རྗེ་ཉིད་ཀྱིས་རབ་གནས་བརྒྱ་རྩ་སོགས་མཛད་པས་གསེར་ཁང་ཆོས་རྗེ་ཞེས་རྗེ་ཉིད་དང་དབྱེར་མ་མཆིས་པའི་རྟེན་ཁྱད་པར་ཅན་འདི་ཉིད་ཡིན་ལ། གདན་ས་ན་རིམ་ཕལ་ཆེར་དང་སྐུ་གཉེར་ཡང་མང་པོར་གསུང་བྱོན་ཞིང༌།