ལྷག་པར་སྐུ་གཉེར་ཟླ་བ་ཞེས་པ་ཞིག་ལ་ཆོས་དྲུག་གི་ཁྲིད་ཀྱང་གནང༌། གླིང་ལོག་གི་སྐབས་དབུ་རུ་བྱེ་གཤོངས་སུ་སྦས་པ། ཕྱིས་གླིང་ཞིག་བསོས་གྲུབ་ནས་བཙལ་བས་མ་རྙེད་པས། ང་འདིར་ཡོད་གསུངས་ནས་ཕྱག་སྟེང་དུ་བརྐྱངས་བ་སོགས་ངོ་མཚར་མཐའ་ཡས་པ་མངའ་བ་ཡིན་ཅིང༌། འདི་སྐབས་དམ་པ་མགར་གྱིས་རྗེ་དེ་ཉིད་ཀྱི་སྐུ་འདྲ་མང་དུ་བཞེངས་བར་མཛད་པས། ད་ལྟར་ཧོར་སྐུར་གྲགས་པ་རྣམས་ཡིན་ཅིང༌། བཟོ་བོ་རྒྱ་ཡིན་ཀྱང་རྒྱལ་པོ་ཧོར་གྱིས་བྱས་པས་ཧོར་སྐུར་གྲགས་སོ། །སྔོན་དུ་བརྗོད་པར་ལྟར་གདན་ས་ཐེལ་གྱི་ཆོས་རྣམས་སྒམ་པོར་ཕུལ་བའི་ཚེ། སྟག་ལུང་ཐང་པས། ངའི་བླ་མའི་གདན་ས་འདི་འདྲ་བྱས་གསུངས་ཤིང་ཐུགས་ཆད་མཛད་པའི་ཚེ། འདི་སྐབས་སུ་སྐུ་ནར་སོན་པས་འབྲི་གདན་གཉིས་ཕན་ཚུན་དུ་ཕེབས་མ་གྲུབ་པ་དང༌། དུས་ལ་བབས་པར་དགོངས་ནས་སྤྱན་སྔ་གྲགས་པ་འབྱུང་གནས་རྒྱལ་ཚབ་ཏུ་མངའ་གསོལ་ཏེ། ཕག་མོ་གྲུའི་གདན་སར་བརྫོང་བར་མཛད་ཅིང༌། ཁོ་བོས་གདན་ས་བརྒྱ་འགྱུར་གྱིས་བཟང་དུ་བཏང་ངོ༌། །ཞེས་གསུངས་པ་ལྟར་བྱུང་བ་ཡིན་ནོ། །ལྷའི་རྣ་བའི་མངོན་པར་ཤེས་པས་ཤར་ཕྱོགས་མངོན་དགའི་ཞིང་ནས། མགོན་པོ་མི་འཁྲུགས་པས་ཆོས་གསུངས་པ་ཡང་དངོས་སུ་གསན་ཅིང་ཡེ་ཤེས་ཀྱི་སྤྱན་རྣམ་པར་དག་པས། ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་དང༌། བླ་མ་སངས་རྒྱས་བྱང་སེམས་ཡི་དམ་སོགས་ཀྱི་ཞལ་དཔག་ཏུ་མེད་པ་དུས་རྟག་ཏུ་གཟིགས། སྐབས་ཤིག་རྟ་འཆག་སྒང་དུ་སྐྱོ་སངས་ལ་འཁོར་ཉུང་བསྡུས་བཅས་ཕེབས་ནས། འཁོར་རྣམས་ལ་ཐམས་ཅད་ཀྱིས་རྫུའཕྲུལ་སྣ་རེ་སྟོན་གསུངས་པས། གཉོས་ཆེན་པོས་རྒྱ་གར་ནས་ཨ་རུ་ར་རློན་པ་བླངས་ནས་ཕུལ། དཔལ་ཆེན་པོ་ཆོས་ཀྱི་ཡེ་ཤེས་ཀྱིས་ཉིད་ཀྱི་ཐུགས་ཀར་གཉིས་སུ་མེད་པར་ཐིམ་པ། མགར་དམ་པས་རྡོ་རྗེ་འཇིགས་བྱེད་ཀྱི་སྐུར་བཞེངས། ཇ་མ་སྤོ་སྤོ་བཀྲ་ཤིས་སེང་གེས་ཆོས་གོས་དང་ཇ་ཚག་གཟར་བུ་རྣམས་ཉི་ཟེར་ལ་བཀལ། གཞན་རྣམས་ཀྱིས་ཀྱང་རྫུ་འཕྲུལ་སྣ་རེ་བསྟན། འདི་སྐབས་སྤྱན་སྔ་རྣམ་གཉིས་དང་མཁན་ཆེན་སོགས་མེད་པར་མངོན། ཉེ་གནས་རིན་ཆེན་གྲགས་ཀྱིས་རྫུ་འཕྲུལ་སྟོན་མ་སྤོབས་པར་སྐྱེངས་ནས་གཤེགས་ཤིང༌། བླ་མར་ཐུགས་ཆགས་ནས་རེ་ཞིག་སྐུ་གདུང་ཡང་བྱང་བར་མ་གྱུར་པས་ཆོས་རྗེ་རིན་པོ་ཆེ་ཉིད་ཕེབས་ཏེ་ཕྱག་འཁར་སྙིང་ཁར་བཙུགས་ནས་རྟ་འཆག་སྟེང་ཁ་མའི་གསུང་མགུར་མཛད་པས་གདུང་འཕྲལ་དུ་བྱང་ཞིང་འཇའ་འོད་དང་མེ་ཏོག་གི་གུར་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། རིང་བསྲེལ་ཡང་འཕྱག་རྒྱུ་བྱུང་བས་ཕྱིས་རྟེན་འཕྱག་ཏུ་མིང་འགྱུར་ཞིང༌། སེམས་ཅན་རྣམས་ལ་ཚད་མེད་པའི་ཐུགས་རྗེ་ཆེན་པོས་རྡོ་གཅལ་གྱི་འོག་ཏུ་ངན་སོང་སྦྱོང་བའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེ་ཞིང༌། བསྐལ་པའི་མར་མེ་ཡང་སྦར་བར་མཛད་ཅིང༌། ཀེང་རུས་ལྔ་སོགས་ཡོད་པར་གྲགས་ཤིང༌། འདིར་ཕུང་པོ་བསྐྱལ་བ་ཐམས་ཅད་ངན་སོང་ལས་ཐར་བའི་རྟེན་འབྲེལ་མཛད། སྐབས་ཤིག་ཐན་པ་ཆེར་བྱུང་བས་ཡུལ་མི་རྣམས་ཀྱིས་ཆར་ཞུས་བྱས་པར། ཕ་རྒན་བདུད་རྩི་ཞིག་པོ་ལ་དཔལ་ཆོས་དབྱིངས་མའི་གསུང་མགུར་གནང་ནས་དབྱངས་སུ་གྱེར་བཅུག་པས་ཆར་ཆེར་བབས་ཤིང༌། ལོ་ཤིན་ཏུ་ལེགས་པར་གྱུར། གཞན་ཡང་གཞན་འཕྲུལ་དབང་བྱེད་ཀྱི་ལྷ། བསྟན་པ་ལ་མངོན་པར་དད་པ་དགེ་སྦྱོང་མེ་ཏོག་དང༌། ནོར་རྒྱུན་མ་སོགས་ཀྱིས་འབྲུའི་དངོས་གྲུབ་ཕུལ་བས། ནས་སོགས་འབྲུ་ཤིན་ཏུ་མོས་པར་གྱུར་ཏེ། སྐྱིད་ཤོད་དང༌། དབུ་རུ་བ་རྣམས་ཀྱིས་ནས་འབྲི་གུང་ནས་བསྒྲུབ་པའང་བྱུང༌། འདི་སྐབས་ཚོགས་ཤིན་ཏུ་རྒྱས་ཏེ། པཎ་ཆེན་གུ་ཡ་སྒངས་པ་གཙོ་བྱས་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་ཏི་སེ། དགེ་བཤེས་གཡག་རུ་དཔལ་གྲགས་ཀྱིས་གཙོ་བྱས་པའི་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་ལ་ཕྱི། རྡོར་འཛིན་མགོ་བོ་ཆེས་གཙོ་བྱས་པའི་ལྔ་ཁྲི་ལྔ་སྟོང་ལྔ་བརྒྱ་ཉེར་ལྔ་རྩྭ་རིར་བརྫངས་ཤིང༌། འདིའི་སྔོན་ཙམ་ལ། སྔོན་དུས་རྩྭ་རིར་སྒམ་པོ་པ་ཆེན་པོས་སྐྱེས་བུ་ཡེ་ཤེས་རྡོ་རྗེ་བརྫངས་ཏེ་གནས་སྒོ་ཕྱེ་མོད་ཀྱང༌། རྗེ་འདིས་ཀྱང་རི་པ་རྗེས་མ་གོང་བཤད་འདི་མ་བརྫངས་ཙམ་གྱི་སྐབས་སུ་གཉོས་མགར་ཆོས་གསུམ་བརྫངས་ཏེ་རྩ་རིའི་གནས་སྒོ་སྔོན་མ་ཕྱེ་བ་རྣམས་ཀྱང་ཕྱེ་ཞིང༌། ཕྱེ་བ་རྣམས་ཀྱང་ལེགས་པར་གཏན་ལ་ཕབ། རི་པ་འདི་རྣམས་བརྫངས་ནས་མི་རིང་བར་སླར་ཡང་ཚོགས་པ་ཁྲི་ཚོ་བཅོ་བརྒྱད་བྱུང་ཞིང༌། འདི་ལ་རྩོད་པ་མེད་ཀྱང་བློ་ཆུང་འགའ་ཞིག་གིས། འདི་ལྟ་བུ་མི་ཤོང་སྙམ་ན་དེ་ལྟར་མ་ཡིན་ཏེ་འདི་སྐབས་ནགས་ཡོད་པས་འདུལ་བའི་སྦྱངས་པའི་ཡོན་ཏན་བཅུ་གཉིས་ཀྱི་གནས་ཀྱིས་སྐབས་སུ་ཤིང་དྲུང་པ་དང༌། གཞི་ཇི་བཞིན་པ་གསུངས་པ་ལྟར་གཡམ་སྤྱིལ་ཆུང་ངུ་རང་ཤོང་ཙམ་དང༌། ཤིང་དྲུང༌། བྲག་ཕུག །གད་ཕུག་བྱ་སྐྱིབས་སོགས་སུ་ཚེ་འདི་བློས་བཏང་གིས་སྦྱངས་པའི་ཡོན་ཏན་ལ་གནས་བཞིན་བཞུགས་པ་ལས། ད་ལྟའི་སྐྱིད་ཆོས་ཀྱི་ལོངས་སྤྱོད་དང་འབྱོར་པ་འདི་ལྟ་བུ་མེད་པས་མི་ཤོང་བའི་དོགས་པ་མ་མཆིས་སོ། །སྐབས་འདིར་ཚོགས་པ་ལ་ཐམས་ཅད་ཀྱིས་རྩོད་མེད་དུ་གྲགས་ཤིང༌། གོང་ས་ལྔ་པས་མཛད་པའི་དེབ་ཐེར་ལས་ཀྱང༌། ཚོགས་པ་ཁྲི་ཚོ་བཅོ་བརྒྱད་གཅུང་གི་དུས་འཚོགས་པར་གསུངས་པ་ནི་འདི་སྐབས་ཀྱང་འཕྲིན་ལས་ཤིན་ཏུ་ཆེ་བས་སྔོན་གྱི་ཚོགས་པ་མ་ཉམས་པར་བཞུགས་པ་ལ་དགོངས་པ་ཡིན་ཅིང༌། དོན་དུ་ཆེ་བརྗོད་མིན་པར་ཚད་མར་བཟུང་བ་ཡང་མཛད་ཅིང༌། གཟུ་བོར་གནས་པ་ཐམས་ཅད་ཀྱིས་བསྟན་པ་ལ་སྟོན་པ་གཉིས་པའི་བྱ་བ་མཛད་ཅེས་བསྔགས་པར་མཛད་ཅིང༌། འདི་སྐབས་ཚོགས་ཆེ་བའི་མཐར་ཐུག་པ་ཡིན་ཅིང༌། སྔོན་བཞེངས་པའི་སྒོ་མང་ལ་རབ་གནས་བསྐྱར་མ་མཛད་པ་དང༌། གསོ་སྦྱོང་སོགས་ཀྱི་ཚེ་སྣམ་སྦྱར་གྱི་འོད་ཀྱིས་འབྲི་གུང་གི་ཐད་ཀྱི་ནམ་མཁའ་ཡང་ངུར་སྨྲིག་ཏུ་གྱུར། ལྟར་སྣང་ཚོགས་པ་གཏོས་ཆེས་དྲགས་པས་ཐུགས་སུན་པའི་ཚུལ་དང༌། ངེས་དོན་དུ་སྒྲུབ་གནས་ཁྱད་པར་ཅན་གྱི་སྒོ་འབྱེད་པར་དགོངས་ཏེ། གསང་ཐབས་སུ་ཚ་འུག་ཏུ་བྱོན་ཚོགས་ཁང་ཆེན་མོ་རྩ་དབུ་རྐྱང་རོ་གསུམ་གྱི་དབྱིབས་ཡོད་པར་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་དང༌། ལྷག་པར་དེའི་ནང་རོལ་ཞིག་ཏུ་ཏིང་འཛིན་ཕུག་པར་གྲགས་པའི་གཟིམ་སྦུག་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་ཞིང་དབྱིབས་ལེགས་ངོ་མཚར་བ་དང༌། གཞན་ཡང་ཕུག་ཆུང་དུ་མ་དང༌། རང་བྱོན་སོགས་ཁྱད་པར་དུ་འཕགས་པ་མང་པོ་གཏན་ལ་ཕབ་ཅིང༌། ཁྱད་པར་རྡོ་རྗེ་གློ་དཀར་དུ་བཞུགས་པའི་ཚེ། ཕུག་པ་འདི་དོག་འདུག་གསུངས་ནས་ཡར་བཞེངས་ནས་སྐུ་རྒྱབ་ཀྱིས་འཕུལ་བས། ན་བཟའི་སྣལ་མའི་རྗེས་ཚུན་ཆོད་དོད་པའི་སྐུ་རྗེས་ཤིན་ཏུ་གསལ་བ་དང༌། ཕྱག་འཁར་གྱིས་ཕུག་པའི་སྐར་ཁུང་དང༌། ཡོ་བྱད་འགེལ་བའི་བྲག་ལ་ཕྱག་གིས་འདམ་ལྟར་བཅངས་པའི་ཚོམ་བུ་མཐོ་གང་ལྷག་ཙམ་པ་དང༌། བྲག་ལ་ཕྱག་གིས་བཅངས་ནས་བཟོས་པའི་དྲྭ་ཕད་ཆེ་བ་ཙམ་ཤོང་བའི་སྐྱོང་མོ་ཞིག་དང་བཅས་ངོ་མཚར་བ་ཡོད་ཅིང༌། ད་ལྟ་མདུན་གྱི་སོག་རའི་རྫོང་སྔོན་ཞེས་པ་ནས། དབྱར་གྱི་དུས་བཟང་ཞིག་གི་ནུབ་དཀར་མེ་ལྟ་བུའི་འོད་གསུམ་ལྔ་བདུན་སོགས་ཐོན་ནས་ཚོགས་ཁང་དང་རྡོ་རྗེ་གློ་དཀར་ཡོད་པའི་བར་སྣང་ལ་འགྲོ་བ་གནས་དེར་རྟག་པར་སྡོད་པ་རྣམས་ཀྱིས་མཐོང་ཞིང༌། གནས་འཛིན་དགེ་སྦྱོར་སྨར་བ་རེ་གཉིས་ཀྱིས། དགེ་བསྙེན་སོག་རས་གསོལ་འདེབས་བདེ་ཆེན་ཀུན་བཟང་མ་འདོན་པ་ཡང་ཐོས་པ་བྱུང་འདུག །དེ་ནས་ཚོགས་པ་རྣམས་ཀྱིས་བཙལ་བས་ཚ་འུག་ཏུ་བཞུགས་པར་ཤེས་ཏེ་དེར་བྱོན། དགེ་འདུན་རེས་རྡོ་རེ་བསྐྱལ་ནས་ཆོས་ཁྲི་ཆེན་པོ་བརྩིགས་པ་དེར་བཞུགས་ནས་ཟབ་ཅིང་རྒྱ་ཆེ་བའི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་ཞིང༌། སླར་ཡང་གདན་ས་ཆེན་པོ་བྱང་གླིང་ཉིད་དུ་ཕེབས་ནས་བཞུགས་པར་མཛད། སྐབས་ཤིག་ཆབ་གཞིའི་སྙུན་བྱུང་བ་ཇེ་ཐུར་སོང་ཚེ་ནམ་མཁའ་ནས་མགོན་པོ་ཕག་མོ་གྲུ་པས་གསུང་ཚིག་བཅད་བཞི་པ། ལྷག་མ་རླུང་གི་སྦྱོར་བ་ཡིས། །སྐྲན་དང་དམུ་ཆུ་འགྱིང་བར་བྱེད། །རྡོ་རྗེ་སྲིན་པོའི་སྦྱོར་བ་ཡིས། ཉེས་པ་ཐམས་ཅད་དབྱུང་བར་བྱ། །ཞེས་གསུངས་པ་ལྟར་རྟེན་འབྲེལ་དང་འཁྲུལ་འཁོར་མཛད་པས། ཞག་ལྔ་ནས་སྙུན་གཞི་མེད་དུ་དྭངས། བཀའ་འབུམ་དུ་འཁོད་པ་ལྟར་བསྟན་བཅོས་བསམ་གྱིས་མི་ཁྱབ་པ་དང༌། གེགས་སེལ། རི་ཆོས་སོགས་ཟབ་ཆོས་ཀྱང་བསམ་གྱིས་མི་ཁྱབ་པ་གང་ལ་གང་འདུལ་མཛད་ཅིང༌། ད་ལྟ་གླེགས་བམ་དུ་བཞུགས་པ་འདི་རྣམས་ཡོངས་རྫོགས་ནི་མ་ཡིན་ལ་ཆ་ཤས་ཙམ་མོ། །ཐུན་མོང་གི་འཁོར་རྣམས་ལ་གསང་སྔགས་རྙིང་མའི་ཆོས་ཟབ་མོ་གསུང་བར་མི་མཛད་ཀྱང༌། དགེ་བཤེས་ལྟོ་ཆུང་པར་སྙིང་གའི་རྩ་འདབ་བརྒྱད་ལ་བདེ་གཤེགས་སྒྲུབ་པ་བཀའ་བརྒྱད་ཀྱི་ལྷ་ཚོགས་བཀོད་དེ་སྒྲུབ་པས་མཚོན། གང་ལ་གང་འདུལ་གྱི་ཆོས་རང་བློར་འཚམས་པ་རིས་སུ་མ་ཆད་པར་སྟོན་པར་མཛད། སྙན་པས་རྒྱ་གར་སོགས་ཀུན་ཏུ་ཁྱབ་ཅིང༌། ལྷག་པར་རྒྱ་གར་དུ་སློབ་མ་དང་ཡོན་བདག་རྒྱལ་པོ་ཡང་མང་དུ་བྱུང་བས་རྗེ་ཉིད་ཀྱི་སྐུ། རྒྱ་གར་ལི་མ་འཁྲུལ་མེད་ཛྷི་ཀྵིཾ་ཚ་གསེར་ཅན་དང་ལི་དམར་ཚ་གསེར་ཅན། ལི་དཀར་ལ་ལི་དམར་གྱི་ཁྲ་འཛུད་ཅན་སོགས་འགའ་ཟུང་ངེས་པར་ཡོང་བ་ཡིན་ནོ། །དེ་ནས་རེ་ཞིག་སྐུ་དངོས་ཀྱི་གདུལ་བྱ་ཕལ་ཆེར་རྫོགས་པར་མཁྱེན་ནས། སྔོན་ལག་ན་རྡོ་རྗེ་སྤྲུལ་ཏེ་བདུད་ཀྱི་གནས་རྣམས་བཅོམ་པའི་རྒྱུ་འབྲས་མི་བསླུ་བས། ཁོ་བོའི་གླིང་འདིར་ཡང་རེ་ཞིག་ཆག་འཇིག་ཞིག་འོང༌། འོན་ཀྱང་ཕྱིར་བསྲིང་ཐབས་སུ། ཐང་ལ་ལྷ་ཁང་བྲེ་འདྲ་བ་མ་བཞེངས། དེ་ལ་རྒྱལ་མཚན་བཞི་མ་འཛུགས། བྱེ་མ་དུང་འདྲའི་ངོ་མ་བཤུ། གཡུ་འབྲུག་སྔོན་མོ་ལ་གཉའ་སྒ་མ་གཏོད། སྣུབས་ལ་གདན་ས་མ་འཆོལ། རག་ཤི་ལ་ལྷ་རྗེ་མ་འཆོལ། འོན་ཀྱང་ཆོས་བརྒྱུད་ཡུན་རིང་པོའི་བར་དུ་གནས་པར་འགྱུར་རོ། །ཞེས་སོགས་བཀའ་ཆེམས་རྒྱས་པར་བསྩལ་ཞིང༌། གཞན་ཡང་མ་འོངས་པ་ན་ཁོ་བོའི་གླིང་འདི་ཉམས་ཤིང༌། བ་ར་བོང་དང༌། སྒོམ་མ་སྐྲ་ལོ་ཅན་གྱིས་བཟུང་བ་དང༌། ཚེམས་ཤིང་བཙུགས་པ་འདིས་སྟ་ཡུ་དང་སྟེ་ཡུ་ཉན་པའི་དུས། ཁོ་བོ་གླིང་འདིར་སྐོར་གཅིག་ཡོང་ཞེས། ཀུན་དགའ་རིན་ཆེན་ལུང་བསྟན། གཞན་ཡང་བྲག་ཏིང་ངེ་འཛིན་སྤུངས་པ་འདི་ཁོ་བོ་དང་དུས་གསུམ་དུ་འབྲལ་བ་མེད། ཁོ་བོའི་རྗེས་སུ་གསེར་དངུལ་ལས་གྲུབ་པའི་རྟེན་ཆེན་པོ་མ་བཞེངས། ཕྱག་ཆེན་ཚུལ་ཁྲིམས་གནད་གཅིག་པས། ཚུལ་ཁྲིམས་རིན་པོ་ཆེ་གཅེས་སྤྲས་སུ་གྱིས། ཞེས་པ་སོགས་གསུང་གི་ཐ་མ་རྣམས་བསྩལ་ཏེ་ལེ་ལོ་ཅན་རྣམས་ཆོས་ལ་བསྐུལ་བའི་ཕྱིར་ལྟར་སྣང་དུ་གསུང་གློའི་སྙུན་བྱུང་བར་སྨན་པ་རྣམས་ཀྱིས་བྱང་གཡག་གི་གློ་བ་སྐམ་པོ་བཞེས་ཐུག་གི་རྡོར་ལ་བཏབ་ན་ཕན་ཞུས་ཀྱང༌། གདན་གཅིག་རྡོར་དཀར་གྱི་བརྟུལ་ཞུགས་ཁོ་ན་མཛད་པས། མ་གནང་བར་སྙུན་ཇེ་ཆེར་འཕེལ་ཏེ། དེ་སྔོན་ནས་ལན་གསུམ་དུ་སྤྱན་སྔ་ཤེར་འབྱུང་ལ་གདན་ས་གཏོད་པར་མཛད་ཀྱང༌། ནན་གྱིས་གསོལ་བ་བཏབ་པས་འདིར་མཁན་ཆེན་གུ་ར་བ་ལ་གདན་ས་གཏད་དེ། མེ་མོ་གླང་གི་ལོ་དགུང་ལོ་དོན་ལྔ་བཞེས་པའི་ནག་པ་ཟླ་བའི་ཉེར་ལྔའི་སྲོད་ལ་སྤྲུལ་པའི་དཀྱིལ་འཁོར་ཆོས་ཀྱི་དབྱིངས་སུ་བསྡུ་བར་མཛད་ཅིང༌། དེ་ནས་བཟུང་སྟེ་ཕྱི་ལོའི་བར་དུ་འཇའ་འོད་དང་མེ་ཏོག་གི་ཆར་སོགས་ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་བྱུང་ཞིང༌། ས་ག་ཟླ་བའི་ཚེས་གསུམ་ལ་སྐུ་གདུང་ཞུགས་ལ་སྦྱངས་པའི་ཚེ། ལྷ་རྣམས་ཀྱིས་མཆོད་པའི་སྤྲི་ཕུང་དུ་མ་དཀྲིགས་ཤིང༌། མེ་ཏོག་གི་ཆར་བོལ་ནུབ་ཙམ་དུ་བབས། དབུ་ཐོད་མ་ཉམས་པར་དབུ་ཀླད་ཞུན་ཐིག་གི་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་བཟོ་བོ་མཁས་པས་རི་མོར་བྲིས་པ་ལས་ཀྱང་ཆེས་ལྷག་པར་འབུར་དོད་དུ་མཚམས་རྣམས་རིང་བསྲེལ་གྱི་སྤྲས་པ་དང༌། ཐུགས་མ་ཉམས་པ་གསེར་གྱི་ཁ་དོག་ལྟ་བུ་དང༌། ཡང་དག་པར་རྫོགས་སངས་རྒྱས་ཀྱི་སྤྲུལ་པ་ཡིན་པས་དེ་དང་མཚུངས་པར་འཕེལ་གདུང་དང་རིང་བསྲེལ་འདྲེས་པ། ཐེལ་གྱི་བྲེ་དཀར་གྱི་བྲེ་བརྒྱད་བཅས་བྱོན། དེ་ཡང་སྲོད་ལ་གཤེགས་པའི་མཐོ་རངས་དེ་ཉིད་དུ་སངས་རྒྱས་ཀྱི་ཞིང་བསམ་གྱིས་མི་ཁྱབ་པར་བྱོན་ཞིང༌། གཙོ་ཆེར་ནི་ཤར་ཕྱོགས་མངོན་དགའི་ཞིང་གི་གྲས་སུ་གཏོགས་པ་རྡུལ་དང་བྲལ་བའི་ཞིང་ཁམས་སུ་མགོན་པོ་ཕག་མོ་གྲུ་པའི་སྤྱན་སྔར་སྤྲུལ་པ་གཅིག་བྱོན། མངོན་དགའ་ཉིད་དུ་ཡང་མགོན་པོ་མི་འཁྲུགས་པའི་དྲུང་དུ་སྤྲུལ་པ་གཅིག་བྱོན་ནས་བཞུགས་ཤིང༌། དགའ་ལྡན་དུ་མགོན་པོ་བྱམས་པའི་འཁོར་གྱི་ཚུལ་བསྟན་ནས། མདོ་རྔ་བོ་ཆེའི་དགོངས་པ་ཞུ་ཞིང་བཞུགས་སོ། །གཞན་ཡང་བདེ་ལྡན་དང༌། ལྕང་ལོ་ཅན་སོགས་སུ་སྤྲུལ་པ་རེ་རེ་བཞུགས་ཤིང༌། སྤྲུལ་པའི་གཙོ་བོ་ནི། ཤར་ཕྱོགས་ཁྱབ་གདལ་ཆེན་པོ་སངས་རྒྱས་ཀྱི་ཞིང་ཞེས་བྱ་བ། ས་གཞི་ཐམས་ཅད་གསེར་ཞུན་མ་ལས་གྲུབ་པ་སོགས། དག་པའི་ཞིང་གི་བཀོད་པ་ཕུན་སུམ་ཚོགས་པར་རང་བྱུང་གི་དགེ་སློང་སྐུ་མདོག་དཀར་པོའི་ཚུལ་བསྟན་ནས། འཁོར་བསམ་གྱིས་མི་ཁྱབ་པ་ལ་ཆོས་སྟོན་ཅིང་ཉིད་ཀྱི་བསྟན་པ་ལ་ཞུགས་པ་རྣམས་ཀྱང༌། འཆི་བའི་ཚེ་རྗེ་ཉིད་ལ་དད་པ་བརྟན་པོ་བགྱིས་ན་ཤི་མ་ཐག་ཏུ་སྐྱེས་བུ་སྟོབས་པོ་ཆེས་ལག་པ་བརྐྱང་བསྐུམ་གྱི་ཚད་ཙམ་གྱིས་དྲུང་དུ་ཕྱིན་པར་འགྱུར་ཞིང༌། དེ་མ་ཐག་ཏུ་ཕྱག་གཡས་པ་འཁོར་ལོའི་མཚན་དང་ལྡན་པ་སྤྱི་བོར་བཞག་ནས་བུ་ཁྱོད་བདེ་བར་འོངས་སམ། ཞེས་དབུགས་དབྱུང་བར་མཛད་པ་ནི། རྣམ་ཐར་མཐོང་བ་དོན་ཡོད་མ་ནས་གསུངས་པ་ལྟར་ཡིན་ཅིང༌། ཞིང་ཁམས་ཐམས་ཅད་ལ་གཤེགས་པ་ཡང༌། རྣམ་ཐར་ཕྱོགས་བཅུ་དུས་གསུམ་མ་ལས། ཁྱབ་གདལ་མངོན་དགའ་བདེ་ལྡན་ལྕང་ལོ་ཅན། །ཞིང་ཁམས་ཐ་དད་ཀུན་ཏུ་གཤེགས་བསྟན་པ། །ཞེས་པ་ལྟར་རོ། །དེ་སྐབས་དགོངས་རྫོགས་ཀྱི་ཐུགས་ཁུར་སྤྱན་སྔ་ཤེར་འབྱུང་གིས་གཙོ་བོར་མཛད་དེ། དེ་ཡང་སེང་གེ་སྤུངས་པའི་སྟེང་དུ་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང༌། འཇིག་རྟེན་མགོན་པོ་ཉིད་ཀྱང་དངོས་སུ་བཞུགས་པར་གཟིགས་ནས། འདིར་ཡང་རྟེན་བཞེངས་བར་དགོངས་པའི་ཚེ། སྐྱོབ་པ་རིན་པོ་ཆེ་ཉིད་བྲག་ཏིང་ངེ་འཛིན་ཕུག་པའི་སྟེང་དུ་དངོས་སུ་བྱོན་ནས། བུ་ཁྱོད་ལྟར་ཡིན་གྱིས་ང་ལྟར་གྱིས། །ཞེས་གསུངས་ནས་མི་སྣང་བར་ཡལ་བས། བུ་ཁྱོད་ལྟར་ཡིན་གསུངས་པ་ལྟར། སྒོ་མང་དུ་ཐུབ་པ་ཁམས་གསུམ་ཟིལ་གནོན་བཞེངས་ཏེ་ཐུགས་དང་རིང་བསྲེལ་བྲེ་གསུམ་བཞུགས། ང་ལྟར་གྱིས་གསུངས་པ་བཞིན། རིན་པོ་ཆེའི་ཕྱེ་མ་དང་སྨན་སྣ། དྲི་བཟང་སོགས་བསྲེས་པའི་འཇིམ་པ་ལས་སྐུ་གདུང་འཛམ་གླིང་རྒྱན་བཞེངས་ཏེ། དེའི་ནང་དུ་དབུ་ཐོད་ལས་བྱོན་པའི་འཁོར་ལོ་སྡོམ་པའི་དཀྱིལ་འཁོར་དང་རིང་བསྲེལ་བྲེ་ལྔ། ཇོ་བོ་རྗེས་རྒྱ་གར་ནས་གདན་དྲངས་པའི་རྟེན་མཆོག་འཛམ་གླིང་རྒྱན། འདུལ་བ་འཛམ་གླིང་རྒྱན། འབུམ་འཛམ་གླིང་རྒྱན་སོགས་རྟེན་བསམ་གྱིས་མི་ཁྱབ་པ་བཞུགས་ཤིང༌། གསེར་ཟངས་ལས་གྲུབ་པའི་སྒོ་མང༌། རྨང་གེའི་ཕྱོགས་བཞིར་འདོམ་ལྔ་རེ་ཡོད་པ་ཞིག་ཀྱང་བཞེངས་ཏེ། ཉིད་ཀྱི་ཐུགས་དམ་རྟེན་སྒོ་མང་དང་མཉམ་དུ་བཞུགས་སོ། །དམ་པ་འདི་ཉིད་ལ་སློབ་མ་བསམ་གྱིས་མི་ཁྱབ་ཀྱང༌། གཙོ་ཆེ་བ་མཆོག་ཏུ་གྱུར་པ་གོང་དུ་བཤད་པ་ལྟར། རྗེ་ཉིད་བསྟན་པའི་བདག་པོར་བསྟན་པའི་སྐབས་རེར་བྱམས་པ་འཇམ་དབྱངས་དང༌། རེས་མཆོག་ཟུང་དུ་སྟོན་པ། སྤྱན་སྔ་ཤེར་འབྱུང་དང་གྲགས་འབྱུང་གཉིས་ཡིན་ལ། གྲགས་འབྱུང་གི་རྣམ་ཐར་ནི་འོག་ན་གསལ་ཞིང༌། ཤེར་འབྱུང་རྣམ་ཐར་རྒྱས་པ་ཡོད་མོད་ཀྱང། ལོ་རྒྱུས་མདོར་བསྡུས་བརྗོད་ན། ཁམས་སྒ་སྡོད་དུ་ཨ་ཕྱི་བུ་བཞིའི་སྔོན་ནས་གྱེས་པའི་སྐྱུ་རའི་རིགས་སུ་འཁྲུངས་པ། རྗེ་སྐྱོབ་པ་རིན་པོ་ཆེའི་སློབ་མ་དཔལ་ལྡན་ངད་ཕུ་བའི་དྲུང་དུ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། ཟབ་ཆོས་ཕལ་ཆེར་གསན། ཕྱིས་ངད་ཕུ་བ་སྐུ་གཤེགས་ནས། དབུས་སུ་རྗེ་འཇིག་རྟེན་གསུམ་མགོན་གྱི་དྲུང་དུ་བྱོན། མི་རིང་བར་གཟིམ་གཡོག་མཛད། ཞབས་ཏོག་ཕུལ་དུ་བྱུང་བ་སྒྲུབ་པས་ཐུགས་དམ་གྱི་རྩལ་རྫོགས། ཅུང་ཟད་ཙམ་ཡང་འབྲལ་བ་མེད་པར་བཞུགས་ཤིང་རྡོ་རྗེའི་གསུང་སོགས་བཀའ་ཐམས་ཅད་ཀྱི་བཀའི་བསྡུ་བ་མཛད། ཕྱིས་མྱ་ངན་ལས་འདས་ནས་ཀྱང་དགོངས་རྫོགས་རྣམས་ཡོངས་སུ་གྲུབ་པར་མཛད། གང་དུ་ཕེབས་ཀྱང་ཕྱིས་སྐུ་ནར་སོན་སྐབས་མདོ་ལི་རེས་འགའ་ཙམ་མཛད་པ་ལས། རྟག་ཏུ་ཆིབས་སྤངས་ནས་ཞབས་ཐང༌། འཁར་བསིལ་བསྣམས་ནས་དགྲ་བཅོམ་པ་རྣམས་ལྟར་མཛད། ཅུང་ཟད་སྙུན་པའི་ཚེ་སངས་རྒྱས་བྱང་སེམས་དང་ཞིང་ཁམས་དཔག་ཏུ་མེད་པ་ཞལ་གཟིགས། ངའི་ནད་འདིས་ཞིང་སྦྱོངས་སོགས་ངེས་པར་དགོས་པ་ཞིག་ཡིན་གསུངས། དེ་ནས་གནམ་མཚོ་རྒྱུད་སྟོད་ཕྱོགས་སུ་ཕེབས། མང་ཡུལ། གུ་གེ། སྤུ་རངས་རྣམས་ཀྱི་བཙད་པོ་དང༌། སྟོད་ཧོར། གར་ལོག །གཞན་ཡང་ཡ་རྩེ་ཞེས་པ་ད་ལྟ་འཛུམ་ལང་དུ་གྲགས་པ་དང་བཅས་པའི་རྒྱལ་པོ་རྣམས་ཀྱིས་གུས་པས་བཏུད་དེ། སྟོད་ཕྱོགས་ཀྱི་འཕྲིན་ལས་ཀྱི་རྒྱུན་ཡང་རྗེ་འདིའི་བཀའ་དྲིན་ལས་བྱུང་བ་ཡིན། ཏི་སེ་དང༌། གཡུ་རུ་སོགས་ཀྱི་དགོན་གནས་ཀྱང་འདེབས་པར་མཛད། སླར་ཡང་དབུས་གཙང་དུ་བྱོན། ས་པཎ་གྱིས་ཀྱང་གུས་པས་བཏུད་ཅིང་ཆོས་ཞུས། མཚན་སྤྱན་སྔ་འབྲི་གུང་གླིང་པར་ཡང་གྲགས། དེ་ནས་སྒམ་པོའི་གདན་ས་ཡང་རེ་ཞིག་མཛད། ལྷོ་བྲག་ཕྱོགས་སུ་ཡང་ཕེབས་ཏེ། ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར། དངོས་སུ་འབྲི་གུང་པའི་གདན་སར་མ་བཞུགས་ཀྱང་བཀའི་བསྡུ་བ་མཛད་ཅིང་གདན་ས་ཤིན་ཏུ་དར་ཞིང་རྒྱས་པ་ཡང་འདི་ཉིད་ཀྱི་བཀའ་དྲིན་ལས་བྱུང་བ་ཡིན་ནོ། །མཁན་ཆེན་དང་དབོན་ཆུང་སོགས་ཀྱི་རྣམ་ཐར་ནི་འོག་ཏུ་གསལ་ལ། གཉོས་ཆེན་པོ་རྒྱལ་བ་ལྷ་ནང་པ་ནི། ལོ་ཙཱ་བ་གྲུབ་པ་བརྙེས་པ་རིམ་པར་བྱོན་པའི་བརྒྱུད། གཉོས་གྲགས་པ་དཔལ་ཞེས་བྱ་བ། ཁྱིམ་པའི་སྔགས་འཆང་རྡོ་རྗེ་འཛིན་པ་ཤིན་ཏུ་མཁས་ཤིང་གྲུབ་པ་བརྙེས་པ། སློབ་མ་ཡང་མང་དུ་ཡོད་ཅིང༌། སྟོབས་འབྱོར་ཤིན་ཏུ་ཆེ་བས། འདི་སྐབས་ལྷ་ས་སོགས་ཀྱི་བདག་པོ་ཡང་མཛད་པ་དེའི་སྲས་སུ་འཁྲུངས། ཆུང་དུས་ལོ་ཙཱ་བ་བསླབ་ནས་རྒྱ་གར་དུ་འབྱོན་པར་བཞེད་ཀྱང༌། ཡབ་ཀྱིས་མ་གནང་ཞིང༌། དེ་ནས་རྗེ་སྐྱོབ་པ་རིན་པོ་ཆེའི་སྙན་པ་གསན་ནས། འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་གཟིགས་ནས། རབ་ཏུ་འབྱུང་བར་དགོངས་པས་ཡབ་ཀྱིས་ཀྱང་བཀས་གནང་ནས། འབྲི་གུང་དུ་བྱོན་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། གོང་བཤད་ལྟར་ཡབ་གཞིས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ཡིན་ཀྱང་སྐྱིད་ཆོས་ཀྱི་གྲུབ་པ་མི་ཐོབ་པར་དགོངས་ནས། འཚོ་བ་ལ་སོགས་ཀྱི་རྩོལ་བ་གཏན་ནས་མ་མཛད་པར། ཚོགས་ཆོས་དང་ཉིད་ཁོ་ན་ལ་ཡང་ཐུགས་སྲས་སུ་གྱུར་པས། སྒེར་ཆོས་མང་དུ་གནང་བ་གསན་པའི་བར་ཐམས་ཅད་ལ་དཀའ་ཐུབ་དང༌། བརྩོན་འགྲུས་དྲག་པོས་སྒྲུབ་པ་མཛད་པས་ཐུགས་དམ་གྱི་རྩལ་རྫོགས་ཤིང༌། ཕྱིས་རྗེ་སྐྱོབ་པ་རིན་པོ་ཆེའི་དྲུང་དུ་བརྒྱ་ཐོག་སྟོང་བཞག །སྟོང་ཐོག་ཁྲི་བཞག་གི་འབུལ་བ་ཡང་ལན་གསུམ་མཛད་ཅིང་གཉོས་ཀྱི་བུར་སྟོན་ཞེས་དཔེར་གྲགས་པ་བྱུང༌། ཕྱིས་ཡབ་གཤེགས་ནས་གཅུང་པོ་ལ་གཞན་གྱིས་བརྙས་པ་དང༌། སྔོན་གྱི་མངའ་ཐང་རྣམས་ཤོར་ཡང༌། ཆོས་བརྒྱད་ཀྱི་སྣང་བ་གཏན་ནས་ཞིག་པས། དགྲ་གཉེན་ཕྱོགས་རིས་ཀྱི་དབྱེ་བ་ཅུང་ཟད་ཀྱང་མ་མཛད། དེ་ནས་གཉན་ཆེན་པོ་ཐང་ལྷས་སྦྱིན་བདག་བགྱིས་ཏེ། ལྷའི་ནང་ཞེས་པ་དགེ་འདུན་སྟོང་ཉེ་བར་ཚོགས༌། དགོན་གནས་ཆེན་པོ་ཞིག་ཀྱང་འདེབས་པར་མཛད་པས་མཚན་ཡང་རྒྱལ་བ་ལྷ་ནང་པ་ཞེས་གྲགས། རྟེན་འབྲེལ་ལ་མངའ་བརྙེས་པས་རྟེན་འབྲེལ་གང་བསྒྲིགས་ཐམས་ཅད་མོད་དེ་ཉིད་ལ་འབྱུང་བའི་ལོ་རྒྱུས་ཤིན་ཏུ་མང༌། གྲུབ་ཆེན་ནག་པོ་སྤྱོད་པའི་སྐྱེ་མཐར་རྩོད་མེད་དུ་གྲགས། ཕྱིས་མྱ་ངན་ལས་འདས་པའི་ཚེ་ཐང་ལྷས་ཀྱང་མྱ་ངན་བྱས་ཏེ། གངས་ཤེལ་ལྟར་དཀར་བ་ལོ་མང་པོའི་བར་མོག་པོར་གྱུར་ཅིང༌། ཧོར་དམག་ལྷགས་ནས་མི་ཉག་རྒྱལ་པོ་བཅོམ་པ་སོགས་སའི་བཅུད་ཉམས་པའི་ལྟས་མང་དུ་བྱུང་ངོ༌། དཔལ་ཆེན་ཆོས་ཡེ་ནི། སྔོན་དུ་རྟ་འཆག་རྫུ་འཕྲུལ་བསྟན་པ་རྣམས་ལས་གཞན་རྣམ་ཐར་མ་མཐོང་ལ། རྣམ་ཐར་མཐོང་བ་དོན་ཡོད་ལས། ཁོང་རྩོད་མེད་ཀྱི་གྲུབ་ཐོབ་ཆོས་སྡིང་པ། ཞེས་གསུངས་པ་ལྟར་རོ། །གྲུབ་ཆེན་མགར་ནི་མདོ་ཁམས་དམེ་མདོར་གདུང་རུས་མགར་ལས། གསང་སྔགས་ཀྱི་གྲུབ་པ་བརྙེས་པ་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་བྱོན་པ་ཡང་ལྔ་ཙམ་བྱུང་བའི་བརྒྱུད་དུ་འཁྲུངས། ཆུང་ངུ་ནས་མངོན་པར་མཁྱེན་པ་ཐོགས་མེད་དུ་མངའ་བས། ཡབ་ཀྱིས་ཀྱང་སྔགས་ཆོག་ལ་འབྱོན་པའི་ཚེ། ནད་པ་བསོས་མི་བསོས་སོགས་འདྲི་བར་མཛད། རེའུ་སྐྱེས་ཞེས་བྱ་བས་བསྙད་པ་བྱས་པར་ཐུགས་ཁྲོས་ཏེ་ཐུ་བ་བརྡབ་པ་ཁོ་སྨྱོ་བ་སོགས་ནུས་པ་ཆེན་པོ་མངའ། སྔགས་པ་ཞིག་གིས་ཙཀྲ་གླང་བུ་ཞེས་བྱ་བར་གཏད་བྱས་པས། སྔགས་པ་ཁོ་རང་དང༌། ཀླུ་དང༌། དགྲ་བཅས་ཕུང་བས་ཐུགས་ཚད་མེད་པའི་སྙིང་རྗེ་ཆེན་པོ་འཁྲུངས། དེ་ནས་འབྲི་གུང་དུ་བྱོན་ནས་ཆོས་རྗེའི་སྤྱན་སྔར་ལྟོ་གོས་ལ་གྱོང་བསྐུར་ནས་ཆོས་གསན་ཅིང༌། སྒྲུབ་པ་ཡང་མཛད། དེ་ནས་ཙཱ་རིར་ཕེབས་ཏེ་སྒྲུབ་པ་རྩེ་གཅིག་ཏུ་མཛད་པས་རྗེ་མི་ལར། ལ་ཕྱིར་ཚེ་རིང་མཆེད་ལྔའི་ཆོ་འཕྲུལ་བྱུང་བ་ལྟར། འདྲེ་དམག་གི་ཆོ་འཕྲུལ་དཔག་ཏུ་མེད་པ་བྱུང་བར་བཟློག་སྒོམ་དང་ཐོག་བརྫིས། རྟགས་དྲུག་བརྟུལ་ཞུགས་རོ་སྙོམས་ཀྱི་སྤྱོད་པ་མཛད་པས་རང་ཞིར་གྱུར་ཏེ། ཐུགས་དམ་གྱི་རྩལ་རྫོགས་ཤིང༌། ཁྱད་པར་དུ་རྡོ་རྗེ་འཇིགས་བྱེད་ལ་གྲུབ་པ་བརྙེས། དེ་སྐབས་རྗེ་འཇིག་རྟེན་མགོན་པོའི་ཞལ་ནས། ཡི་དམ་གྱི་ལྷ་རྡོ་རྗེ་འཇིགས་བྱེད་ལས་ལྷག་པ་མེད་ཀྱང༌། ཁྱོད་ཀྱི་དེ་བཞིན་རྭ་ལུགས་ཡིན་པས་རྭ་ལོ་བླ་མ་དང་དམ་སེལ་ཡོད་ཅིང་བརྒྱུད་པ་དེར་མུ་སྟེགས་ཀྱི་པཎྜི་ཏ་འབར་རོ་ལག་རྡུམ་ཡང་ཡོད་པས་ཅུང་མི་ལེགས། གཉོས་ནས་བརྒྱུད་པ་འདི་བརྒྱུད་པ་རྣམ་པར་དག་པ་ཡིན་པས་ཁོང་ནས་ཞུས་གསུངས་པ་ལྟར་མཛད༌། དེ་སྐབས་ཤིག་དཔལ་ཆེན་ཤྲི་ཕུག་པའི་འབུལ་བའི་རྗེས་སུ། ནད་བདག་མོ་འབྲངས་ཏེ་བྱུང་ནས། གླིང་རིན་པོ་ཆེའི་དགེ་འདུན་རྣམས་ལ་རིམས་བྱུང་བས། གྲུབ་ཐོབ་མགར་ཉིད་དང༌། རིན་པོ་ཆེ་གནམ་མཚོ་བ་གཉིས། དགེ་འདུན་བསྙུང་བ་རྣམས་ཀྱི་སྔས་སྲུང་དུ། རྗེ་སྐྱོབ་པས་བཀའ་གནང་བས། དགེ་འདུན་བསྙུང་བ་ཞིག་གི་ཐད་དུ་དམིགས་པ་འབོག་ཏུ་བྱོན་པས། དེ་ཉིད་གཤེགས་ནས་ཕྱིར་བྱོན་པས་ནད་བདག་མོ་དཔྲལ་བ་ན་མིག་ཟླ་བ་ཙམ་ཡོད་པ། མགོ་བོ་ནམ་མཁར་སླེབ་པ་ཞིག་གིས་ཁྲག་གི་ཁ་ཕྲུར་འདེབས་པ་གཟིགས་ནས་རྡོ་རྗེ་འཇིགས་བྱེད་སྟོང་གསུམ་དང་མཉམ་པའི་སྐུར་བཞེངས་ནས་ཞལ་དུ་གསོལ་བས་ཕྱི་རྟིང་སེར་ལྷག་གིས་སོང་བས་ཕྱིས་ནང་ནས་རིམས་ནད་ཆད། རྗེ་འཇིག་རྟེན་མགོན་པོས་ཀྱང་ཤིན་ཏུ་མཉེས་པར་མཛད། གཞན་ཡང་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་བརྟན་པོ་མངའ་བས། བླ་གཡེལ་གྱི་གདུང་མ་དང༌། ཉིད་ཀྱི་བང་ཁང་གི་ཡ་ཐེམ་བཅས་ལ་ཡང་རྭ་ཡི་རྗེས་ཡོད་པར་གྲགས། ཕྱིས་འཕྲིན་ལས་ཀྱང་ནམ་མཁའ་དང་མཉམ་པར་གྱུར་ནས། ཆོས་རྗེ་རིན་པོ་ཆེའི་དྲུང་དུ་འབུལ་མོ་ཆེ་ལན་མང་དུ་མཛད། ལྷག་པར་བལ་ཡུལ་ཚུན་ཆད་དུ་བྱོན་ནས། གསེར་གདུགས་ངོ་མཚར་ཅན་སྒྲུབ་ནས་དབུ་ཐོག་ཏུ་ཕུལ། བལ་ཡུལ་གྱི་གཞི་བདག་སྦྲང་གདོང་མ་དང༌། བྱ་ཞུ་སོགས་གཞི་བདག་གདུག་པ་ཅན་རྣམས་དམ་ལ་བཏགས་ཤིང༌། དགེ་བསྙེན་གྱི་སྡོམ་པ་བསྩལ། ཕྱིས་ཁམས་སུ་ཕེབས་པའི་སྐབས་ཤིག །རྗེ་འཇིག་རྟེན་གསུམ་མགོན་ནམ་མཁར་བྱོན་པ་མཇལ་བས་ཞིང་གཞན་དུ་གཤེགས་པ་མཁྱེན་ནས་གསོལ་འདེབས་ཀྱི་གདུངས་དབྱངས་མཛད་ཅིང༌། མྱུར་སྟབས་སུ་འབྲི་གུང་དུ་བྱོན། འབུལ་བ་ཆེན་པོ་མཛད། མི་ཉག་ཏུ་ཁྲིམས་གཅོད་ཀྱི་མི་བཅོ་བརྒྱད་རེངས་པར་མཛད་པ་དང་བྱང་འབྲོང་སྨྱོན་པའི་ཐོག་ཏུ་ཆིབས་ཀྱི་ཁ་ལོ་བསྒྱུར་བས་བྱང་འབྲོང་རེ་ཞིག་བརྒྱལ་ཞིང༌། བརྒྱལ་སངས་ཚེ་སྨྱོ་བ་ལས་གྲོལ་བ་དང༌། མདོ་ཁམས་བྱང་ཕྱོགས་ཀྱི་སྨད་དུ་ཕེབས་ཚེ་ཧོར་དམག་བྱུང་བ་ནུབ་གཅིག་ལ་ཡང་ཁ་བ་ཆེན་པོ་ཕབ་སྟེ་འགའ་ཞིག་ནོན་ཅིང༌། བྱིངས་རྣམས་སླར་ལོག་པ་དང༌། འོལ་ཚ་འབྲོང་བུ་གཉིས་ཆིངས་མཛད་པ་འོལ་ཚས་ཅུང་ཞིག་བཀའ་ལ་མ་ཉན་པས་མི་ཤིས་པ་སྣ་ཚོགས་བྱུང༌། ནག་འདུའི་ཁྲི་ཚོས་སྟོད་དུ་ཕེབས་ཚེ་སྐུ་ལ་བསྡོ་བར་བརྩམས་པས་མིང་གི་ལྷག་མ་ཙམ་དུ་སོང་བ་ནུས་མཐུ་བསམ་གྱིས་མི་ཁྱབ་ཅིང་གྲུབ་པའི་རྟགས་དང༌། ངོ་མཚར་བའི་རྫུ་འཕྲུལ་བསྟན་པ་ཡང་ཤིན་ཏུ་མང་བས་ཡི་གེ་འབྲིར་མ་ལངས། ཆོས་སྡིངས་སུ་དགོན་པ་བཏབ། ཉིད་བཞུགས་པའི་ཚེ་ཚོགས་པ་སྟོང་དང་ཉིས་བརྒྱ་ཙམ་འདུ་བ་བྱུང༌། དེ་སྐབས་བཀའ་གདམས་ཀྱི་སྟོན་པ་ཞིག་གིས་ཕྲག་དོག་བྱས་པས་མི་འགྱང་བ་མེད་པར་གྱུར། སེར་བ་བྲག་ཐོག་པས་མི་མཉེས་པ་ཅུང་ཟད་བྱས་པས་ཁྱོད་ལ་རྟགས་འོང་དེ་དུས་འབྲི་གུང་དུ་སོང༌། ཞེས་གསུངས་པ་ལྟར་སྤྱང་ཀི་ངུ་བ་དང་གདུང་མ་ཆག་པ་དང༌། ཁྲོ་ཆག་པ་དཀར་ཡོལ་ཆག་པ་གསུམ་དུས་གཅིག་ཏུ་བྱུང༌། མཁར་ཚལ་པ་བརྒྱད་དུ་སོང་ནས་གཅིག་མ་གཏོགས་འགྱེལ་བས་འཇིགས་ནས་རྗེ་འཇིག་རྟེན་གསུམ་མགོན་གྱི་དྲུང་དུ་ཕྱིན་ནས་སློབ་མར་གྱུར། མང་ར་རྟ་ཤ་བ་ཟེར་ནས་དམག་མི་གདུག་པ་ཅན་སུམ་བརྒྱ་ལྷག་ཙམ་གྱིས། བསྟན་པ་ལ་འཚེ་བར་བྱུང་བས་མདོ་ལི་བ་བཅུ་དྲུག་ལ་བཀའ་གནང་ནས་དེ་དག་གིས་རྒྱུགས་པས། ལུང་པ་ཐམས་ཅད་བཙུན་པས་གང་བར་མཐོང་ནས། དམག་མི་རྣམས་འཇིགས་དྲགས་ནས་གོ་མཚོན་རྣམས་སྐུ་མདུན་དུ་སྤུངས་ཤིང་ཡོན་བདག་བྱེད་པར་ཁས་བླངས། དེ་ནས་སྐུ་འཁོར་ལྔ་བརྒྱ་ཙམ་འཁྲིད། བྱིངས་རྣམས་ཆོས་སྡིངས་ཉིད་དུ་བཞག་ནས། ཉིད་འཁོར་བཅས་དྭགས་པོར་ཕེབས། དེ་ནས་ཀོང་པོ་སྐྱེམ་དུ་ཕེབས། ད་ལྟའི་མགར་ས་དགོན་དུ་གྲགས་པ་འདི་བཏབ། དེ་ནས་སྤུ་བོར་བྱོན་ནས་ཕུ་ལུང་དགོན་འདེབས་པར་མཛད་ཅིང༌། དེ་ནས་མི་རིང་བར་སྤྲུལ་པ་བསྡུས་སོ། །དཔལ་ཆེན་ཤྲཱི་ཕུག་པ་ནི། རྫུ་འཕྲུལ་དཔག་ཏུ་མེད་པ་མངའ་ཞིང་ཆོས་སྡེ་ཆེན་པོ་ཡང་བཏབ། ཕྲིན་ལས་བསམ་གྱིས་མི་ཁྱབ། དཔལ་ངད་ལྡན་ཕུ་བ་ནི། ཁྱིས་རྨུག་པར་སྙིང་རྗེ་སྒོམ་པས། རོ་གཅིག་གི་རྟོགས་པ་ཐུགས་ལ་འཁྲུངས། ལྡན་དུ་བྱོན་ནས་ཆོས་སྡེ་བཏབ་ཅིང་ཕྲིན་ལས་ཀྱང་ཤིན་ཏུ་ཆེ། རྡོར་འཛིན་གཡག་རུ་དཔལ་གྲགས་ཀྱིས་ལ་ཕྱི་བཏབ་ཅིང༌། གཞན་ཡང་སྐྱིད་གྲོང་དུ་གནས་བཞི་བརྒྱ་རྩ་བརྒྱད་བཏབ་པ་འགའ་ཞིག་ད་ལྟ་ཡང་ཡོད། ངོར་རྗེ་རས་པའི་ལོ་རྒྱུས་ནི་སྔོན་དུ་གསལ། སྐྱོ་རྡོ་རྗེ་སྙིང་པོས་ཁམས་སྐྱོའི་ལྷ་ཁང་ཆེན་མོ་བཞེངས་ཤིང༌། འདུས་སྡེ་ཡང་མང་དུ་བཏབ། ཁྲོ་ཕུ་ལོ་ཙཱ་བའི་རྣམ་ཐར་ནི་རྒྱས་པ་གཞན་དུ་འབྱུང་ཞིང༌། པཎ་ཆེན་ཤཱཀྱ་ཤྲཱི། པཎ་ཆེན་བལ་བུ་བུདྡྷ་ཤྲཱི། རྗེ་མི་ཊ་ཛོ་ཀི་བཅས་པ་པཎ་གྲུབ་གསུམ་གདན་དྲངས། ཁྲོ་ཕུ་དགའ་ལྡན་གྱི་གཙུག་ལག་ཁང་ཆེན་པོ་བཏབ། རྒྱལ་བ་མ་ཕམ་པའི་སྐུ་མ་འོངས་པ་ན་ཉིད་མངོན་པར་རྫོགས་པར་སངས་རྒྱས་པའི་སྐུ་ཚད་བཞེངས། ཐག་མ་འདུལ་འཛིན་ནི། འདུལ་འཛིན་ཆེན་པོར་གྱུར་ཅིང༌། ཐག་མ་ལྷ་ཁང་དུ་སློབ་མ་ཡང་འདུལ་འཛིན་ལྔ་བརྒྱ་ཙམ་བྱུང༌། སྤྱན་སྔ་རྡོ་རྗེ་ཤེས་རབ་ནི། རྗེ་སྐྱོབ་པ་རིན་པོ་ཆེ་དང་༌། སྤྱན་སྔ་ཤེས་རབ་འབྱུང་གནས་ཐུན་མོང་གི་སློབ་མ་ཡིན་ཅིང༌། དམ་ཆོས་དགོངས་པ་གཅིག་པའི་འགྲེལ་པ་རྡོ་ཤེ་མ་མཛད། ཐུབ་པ་བསོད་སྙོམས་པ་ནི། སྤྱན་སྔ་ཤེར་འབྱུང་གི་གཅུང་པོ་ཡིན་ཅིང༌། འདི་ཉིད་ཀྱི་མཚན་དངོས་རིན་ཆེན་བྱང་ཆུབ་ཞེས་གྲགས་པས་དགོངས་གཅིག་གི་འགྲེལ་པ་མཛད་པས། དགོངས་གཅིག་གི་འགྲེལ་པ་རིན་བྱང་མར་གྲགས་ཤིང༌། ངེས་དོན་གྱི་བསྟན་པ་གསལ་བར་མཛད། སྤྱན་སྔ་རྣམ་གཉིས་དང་དབོན་སོགས་སྤྱན་སྔ་བརྒྱད། གཉོས་མགོར་སོགས་ཐུགས་ཀྱི་སྲས་བརྒྱད། ཆོས་ཡེ་གུ་ར་སོགས་དཔལ་ཆེན་བརྒྱད། ངོར་རྗེ་ཏི་ཤྲཱི་སོགས་རས་པ་བརྒྱད་དེ། ཏི་ཤྲཱི་རས་པ་འདི་ཉིད་ཀྱིས་མི་ཉག་རྒྱལ་པོའི་བླ་མ་མཛད་པས་ཏི་ཤྲཱིར་གྲགས། གུ་ཡ་གངས་པ་སོགས་གངས་པ་གསུམ། ཁྲོ་ཕུ་ལོ་ཙཱ་བ། སྣུབས་ལོ་ཙཱ་བ་བརྒྱད་དེ། དེ་ཡང་སྣུབས་ལོ་ཙཱ་བ་འདི་སྟག་ཕུའི་ཆོས་གྲར་བཞུགས་ཤིང་ཤིན་ཏུ་མཁས་ལ་གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་བདག་པོར་གྱུར་པས་དགེ་བཤེས་ཆེན་པོ་ཡིན་ཅིང༌། རྗེ་སྐྱོབ་པ་རིན་པོ་ཆེར་དད་པ་ཐོབ་སྟེ་ཞབས་ལ་གཏུགས་ཤིང་སློབ་མར་གྱུར། ཁྲིད་གནང་བ་རྣམས་ལ་སྔོན་དུ་ཆོས་ཀྱི་སྒོ་འབྱེད་པའི་དབང་བསྐུར་གནང་བ་པོར་བསྐོ་བར་མཛད་པས་ཆོས་སྒོ་བར་གྲགས་ཤིང༌། འདི་ནས་ཆོས་སྒོ་བ་རྣམས་རིམ་པར་བྱུང༌། ཐག་མ་འདུལ་འཛིན་དྭགས་པོ་འདུལ་འཛིན་ལ་སོགས་པའི་འདུལ་འཛིན་བཅུ། དྭགས་པོ་འདུལ་འཛིན་ནི་འདུལ་འཛིན་ཆེན་པོར་གྱུར་ཅིང༌། སྒམ་པོའི་གདན་ས་འཛིན། རྗེ་སྐྱོབ་པ་རིན་པོ་ཆེ་སྒམ་པོར་གདན་དྲངས་ཤིང་གདན་ས་ཡང་ཕུལ། སྐྱོབ་ཁྲོམས་སོགས་བཀའ་གདམས་ཀྱི་སྟོན་སྒོམ་ཆེན་པོ་བརྒྱད། ཉི་མ་སེང་གེ་དང༌། བདུད་རྩི་ཞིག་པོ་བཅས་ཞིག་པོ་ལྔ་སོགས་བསམ་གྱིས་མི་ཁྱབ་པ་བྱུང་ཡང་ཕལ་ཆེར་གྱི་རྣམ་ཐར་ནི་མ་མཐོང་ལ། མཐོང་བ་ཐམས་ཅད་ནི་ཡེ་གེས་འཇིགས་ནས་འདིར་མ་བྲིས་སོ། །

བསྟན་འཛིན་པད་མའི་རྒྱལ་མཚན་གྱིས་མཛད་པའི་གདན་རབས་གསེར་གྱི་ཕྲེང་བ་ལས་བཤུས།