༄༅། །དཔལ་འབྲི་གུང་བཀའ་བརྒྱུད་པའི་ལས་རྟགས་ཉི་ཟླ་ཧཱུྂ་གཟུགས་ཀྱི་འགྲེལ་བཤད་བཞུགས་སོ།།

ཨོཾ་སྭསྟི། རྡོ་རྗེ་འཆང་དབང་བློ་གྲོས་རིན་ཆེན་བདེ་བའི་མགོན། །མདའ་བསྣུན་ཀླུ་སྒྲུབ་ཤ་བ་རི་དང་ཏིལླི་པ། །ནཱ་རོ་མི་ཏྲི་མར་མི་དྭགས་པོ་རྡོ་རྗེ་རྒྱལ། །སྐྱོབ་པ་ཡབ་སྲས་བརྒྱུད་པར་བཅས་པས་དགེ་ལེགས་སྩོལ། །དེ་ཡང༌། འདིར་ལས་རྟགས་ཉི་ཟླ་ཧཱུྂ་གཟུགས་ཀྱི་འགྲེལ་བཤད་ལ། ཕྱི་དང༌། ནང༌། གསང་བ། དེ་ཁོ་ན་ཉིད་བཅས་བཞི་ལས། དང་པོ། ཕྱི་ལྟར་ན། ཉི་ཟླའི་གཟུགས་ཀྱི་བཀོད་པ་ནི། གངས་ཅན་སྒྲུབ་བརྒྱུད་ཡོངས་ཀྱི་གཙུག་ནོར་རྗེ་བཙུན་མི་ལ་རས་པ་ལ་སློབ་ཚོགས་རྒྱུ་སྐར་ལྟར་མང་བའི་ནང་ནས་ཆེས་མངོན་པར་འཕགས་པ་ནི། ཉི་མ་ལྟ་བུ་དྭགས་པོ་ལྷ་རྗེ་དང༌། ཟླ་བ་ལྟ་བུ་རས་ཆུང་པ་ཞེས་ཡོངས་སུ་གྲགས་པ་གཉིས་མཚོན་པ་སྟེ། བཀའ་བརྒྱུད་བསྟན་པའི་ཉིན་བྱེད་ཉི་ཟླ་ཟུང་གིས་བདག་རྒྱུད་ལ་བྱིན་གྱིས་བརླབས་པར་མཚོན་ནོ། །དེའི་དབུས་སུ་ཧཱུྂ་ཡིག་གི་གཟུགས་སུ་བཀོད་པ་དེ། སྔར་འབྲི་གུང་སྐྱུ་རའི་གདུང་བརྒྱུད་གནམ་སྦྱིན་དཀར་པོར་གྲགས་པ་དེ། ལྷ་རྫས་དུ་མ་དང་བཅས་པ་ནམ་མཁའ་ནས་བསྐྱུར་བའི་སྐབས་ལྷ་སྐལ་གྱི་གྲས་སུ་ཧཱུྂ་དམ་ཞིག་ཡོད་པར་གྲགས་པ་དེ་དེང་བར་འབྲི་གུང་བཀའ་བརྒྱུད་ཀྱི་ནང་རྟེན་དུ་བཞུགས་ཡོད་པ་དང༌། དེ་ལ་འདྲ་བཤུས་བྱས་ཏེ་ཧཱུྂ་དམ་ཞེས་སྦུག་དམ་དུ་བེད་སྤྱོད་བྱེད་བཞིན་ཡོད་པ་སྔར་ཀྱི་ཆོས་འབྱུང་ལོ་རྒྱུས་གཞིར་བཟུང་སྤྲོས་གཞི་བྱས་ནས་བཟོས་སོ།། གཉིས་པ། ནང་ལྟར་ན། ཧཱུྂ་ཡིག་སྔོན་པོ་དེས་རྒྱལ་བའི་བསྟན་སྲུང་ཆེན་མོ་དཔལ་ཡེ་ཤེས་ཀྱི་མགོན་པོ་མཚོན་པ་དང༌། ཟླ་བ་དཀར་པོ་དེས་སངས་རྒྱས་སྟོང་གི་སྲུང་མ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མའི་ཡང་སྤྲུལ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་སྐུར་གསལ་ཞིང༌། ཉི་མ་དམར་པོ་དེས་དམ་ཅན་ཆོས་སྐྱོང་ཙིའུ་དམར་པོ་མཚོན་པ་བཅས། ཨ་མགོན་ཆོས་གསུམ་གྱིས་རྒྱལ་བའི་བསྟན་པ་དང་སེམས་ཅན་གྱི་འགལ་རྐྱེན་བར་ཆད་ལས་བསྲུང་བར་བྱེད་པ་མཚོན་ནོ།། གསུམ་པ། གསང་བ་ལྟར་ན། ཧཱུྂ་ཡིག་མཐིང་གས་དཔལ་ཡི་དམ་འཁོར་ལོ་སྡོམ་པ་དང༌། ཉི་མ་དམར་པོས་རྒྱལ་ཡུམ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མར་མཚོན་པ་སྟེ། ཡབ་ཡུམ་ལྷན་སྐྱེས་ཟུང་འཇུག་གི་དཔལ་འཁོར་སྡོམ་པའི་དཀྱིལ་འཁོར་གྱི་ངོ་བོར་བཞུགས་སོ།། བཞི་པ། དེ་ཁོ་ན་ཉིད་ནི། ཧཱུྂ་ཡིག་སྔོན་པོ་དེས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེ་འཆང་གི་ངོ་བོར་བཞུགས་ཏེ། ནམ་མཁའི་རང་བཞིན་ལྟར་སྔོ་ཞིང་དྭངས་ལ་མ་འགགས་གསལ་སྟོང༌། སྨྲ་བསམ་བརྗོད་མེད་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ། ཆོས་ཉིད་ཀྱི་གཤིས་བབས་དེ་ཁོ་ན་ཉིད་སྟོན་ཅིང༌། དེ་ཡང་ྃ་ཐིག་ལེ་སངས་རྒྱས་མི་བསྐྱོད་པས་ཞེ་སྡང་གི་དྲི་མ་སྦྱངས་ནས་མེ་ལོང་ཡེ་ཤེས་མངོན་དུ་གྱུར་པར་བྱེད་པ་དང༌། ཟླ་ཚེས་སངས་རྒྱས་རྣམ་པར་སྣང་མཛད་ཀྱིས་གཏི་མུག་གི་སྒྲིབ་པ་སྦྱངས་ནས་ཆོས་དབྱིངས་ཡེ་ཤེས་མངོན་དུ་གྱུར་པར་བྱེད། ཧ་ཡིག་མགོ་བོ་སངས་རྒྱས་རིན་ཆེན་འབྱུང་ལྡན་གྱིས་ང་རྒྱལ་གྱི་དྲི་མ་སྦྱངས་ནས་མཉམ་ཉིད་ཡེ་ཤེས་མངོན་དུ་གྱུར། ཧ ཡི་གེ་ཧས་སངས་རྒྱས་སྣང་བ་མཐའ་ཡས་ཀྱིས་འདོད་ཆགས་ཀྱི་དྲི་མ་སྦྱངས་ནས་སོར་རྟོག་ཡེ་ཤེས་མངོན་དུ་བྱེད། འུ འ་དང་ཞབས་ཀྱུ་སངས་རྒྱས་དོན་ཡོད་གྲུབ་པས་ཕྲག་དོག་གི་དྲི་མ་སྦྱངས་ནས་བྱ་གྲུབ་ཡེ་ཤེས་ཀྱི་གོ་འཕང་ལ་འགོད་པ་བཅས་དོན་དམ་དུ་ཉོན་མོངས་ལྔ་པོ་ཡེ་ཤེས་ལྔ་ཡི་ངོ་བོར་འཚང་རྒྱ་བའི་ཐུབ་པའི་དམ་ཆོས་ཀྱི་སྙིང་ཞུན་ཆོས་ཉིད་བདེན་པའི་གཤིས་བབས་དེ་ཁོ་ན་ཉིད་བསྟན་པར་མཚོན་ནོ།། ཞེས་དཔལ་རྒྱལ་བ་འབྲི་གུང་པ་ཆེན་པོའི་མཚན་གྱིས་བྱིན་གྱིས་བརླབས་པ་ཤཱཀྱའི་དགེ་སྦྱོང་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་ཀྱིས། ལ་དྭགས་གཡུང་དྲུང་ཐར་པ་གླིང་དུ། རབ་བྱུང་བཅུ་དྲུག་པའི་ལྕགས་སྤྲེལ་༡༩༨༠ ཟླ་བ་༡༠ ཚེས་ ༡༠་ལ།།