༄། བོད་བཙན་པོའི་རྒྱལ་རབས་རྒྱ་ཆེར་འགྲེལ་བ་དྭངས་ཤེལ་མཐོན་མཐིང་རྒྱལ་མོ་ཞེས་བྱ་བ་བཞུགས་སོ།།

༄། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ།

( སྤྱི་ལོ་གོང་ ༤༡༧ - ༣༤༥ EBC.)

༄། དང་པོ། མཚན་བཤད་པ།

བོད་ཀྱི་རྒྱལ་པོའི་མཚན་ལ་བཙན་པོ་ཞེས་འབོད་པའི་རྒྱུ་མཚན་གང་ཡིན་ཟེར་ན། དེ་བཀའ་བཙན་པོའི་དོན་ཙམ་མ་ཡིན་པར། དེ་ནི་གཉའ་ཁྲི་བཙན་པོས་རང་ཡུལ་བོད་ཁམས་ཁ་བ་ཅན་ཡོངས་ལ་བཙན་ཤུགས་ཀྱིས་གཅིག་གྱུར་གྱི་སྲིད་དབང་གསར་འཛུགས་བྱས་ནས་དབང་བསྒྱུར་བ་མ་ཟད། མཐའ་འཁོར་རྒྱལ་ཁབ་ཁག་ལའང་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་སྲིད་འབྱོར་རིག་གསུམ་གྱིས་དབང་སྒྱུར་དང་ཤུགས་རྐྱེན་སྤྲད་ནུས་པའི་དོན་ལ་གོ་ཞིང་། དེ་ནི་དབྱིན་སྐད་ནང་དུ་ (emperor) ཞེས་པའི་དོན་ཡིན།
དེ་ཡང་ལྷ་ས་གཙུག་ལག་ཁང་མདུན་རྒྱ་བོད་འཆིང་ཡིག་གི་རྡོ་རིང་ཡིག་ཕྲེང་ ༡༡ པ་ནས་ " དགྲ་ཐབས་མཁས་ནས། ཕྱིའི་དགྲ་བཏུལ་ཏེ། ཆབ་སྲྀད་ནྀ་ཕྱིར་ཞེང་ཆེ། དབུ་རྨོག་ནྀ་སྲ་ཞིང་བརྩན་པ་ནམ་ཞར་མྱི་འགྱུར། བྱིན་མྱི་ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ། དེའྀ་ཕྱིར་ལྷོ་ཕྱོགས་ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱ་ཕྱོགས་ཀྱྀ་དྲུ་གུ་ནེ་སྨེལ་ལ་སྩོགས་པ། གཡུག་་་(གཅིག)། རྒྱལ་པོ་སྡོམ་ན་(མ་ཞ) ར་བྱ་བ་ཀུན་གྱི་འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་(བཙན) པོ་དང་་་་() ང་བོར་༼གསུངས་པ་༽ནྀ་ཕྱོགས་མྱྀ་གུས་པ་མྱེད་དེ། ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་མཆོག་(ཅོག) ཉན་པ་ཡིན། " ཞེས་བྱུང་བ་ལྟར་ཡིན།

སྤུ་རྒྱལ་ཞེས་པ་ནི། གཉའ་ཁྲི་བཙན་པོ་དེ་ཉིད་འཁྲུངས་ཡུལ་རྐོང་པོ་སྤུ་ཡུལ་དུ་སྤུ་མི་མོ་བཙུན་གྱི་རུམ་ནས་བྱུང་ཞེས་ལྡེའུ་ཇོ་སྲས་ཀྱི་ཆོས་འབྱུང་ནས་གསུངས་ཤིང་། ཏུན་ཧོང་ཡིག་རྙིང་དུའང་། P1038,0018 ནང་" གདུང་ནི་སྤུ་བོད་དང་། རྒྱལ་པོ་ནི་སྤུ་རྒྱལ་དུ་གསོལ་ཏོ། " ཞེས་བྱུང་བ་ལྟར་ལགས་སོ། དེ་ལྟར་རྒྱལ་པོ་འཁྲུངས་ས་རྐོང་པོ་སྤུ་ཡུལ་དུ་འཁྲུངས་པ་སོང་ཙང་མཚན་ལ་སྤུ་རྒྱལ་དུ་བྱུང་བ་ཁ་གསལ་ཡང་། འོ་ན་དེང་སང་སྤུ་ཡུལ་ཞེས་མ་ཟེར་བར་སྤོ་ཡུལ་ཞེས་བ་དེ་ཡུལ་ལུང་ཐ་དད་པ་ཞིག་མིན་ནམ་སྙམས་ན། དེ་ནི་མ་ཡིན་ཏེ། གནའ་སྔ་མོའི་སྒྲ་ཀློག་ཐབས་འགའ་ཡུལ་སྐད་སོ་སོའི་དབང་དུ་ཤོར་ནས་ཞབས་ཀྱུ་ལ་རྣ་རོ་ཀློག་པ་མང་ཞིང་། དཔེར་ན། སྤུ་ཕུ་ལ་སྤོ་པོ་དང་། གཞུ་རོང་གཙང་པོ་ལ་གཞོ་རོང་གཙང་པོ། མལ་གྲོ་གཟུ་ཕུག་ལ་གཟི་ཕུག་ཟེར་བ་སོགས་སྒྲ་དམ་པོ་ཀློག་སྟངས་ལྷུག་པའི་དབང་དུ་ཤོར་བའང་ཡིན་ལ། ཡིག་གེའི་དག་ཆར་དོ་སྣང་མ་བྱས་པས་ཀྱང་ལན་པ་ཡིན།
གཉའ་ཁྲི་ཞེས་པ་ནི། ཡོངས་གྲགས་ཀྱི་དབང་དུ་བྱས་ན་བོན་ཤེས་པ་ཅན་དག་གིས་རྐོང་པོ་ལྷ་རི་གྱང་ཐོར་ལྷ་གསོལ་པའི་དུས་སུ་མི་གཞན་དང་མི་འདྲ་བ་གཟི་བརྗིད་ཅན་གྱི་གཉའ་ཁྲི་བཙན་པོ་དེར་འཕྲད་པ་དང་རྒྱལ་པོར་བཀུར་ཞེས་གཉའ་ལ་བྱམས་ཁྲིའི་སྟེང་དུ་བཞག་ནས་འཁུར་ཡོང་བར་གཉའ་ཁྲི་བཙན་པོ་ཞེས་མཚན་དེ་ལྟར་གྲགས་པ་སྣང་ཡང་། བོན་གྱི་སྒྲག་བརྟེན་ལྡེབས་མ་ ༡༧ ན ༤ ནང་ " བདག་ནི་ལྷ་རབ་གཉེན་རུམ་སྲས། བདག་ནི་གཉའ་ཁྲི་བཙན་པོ་ལགས། དེ་ཅི་ཕྱིར་ཞེ་ན། གཉའ་ཁྲི་བཙན་པོ་ནི། མ་ཡི་གཉའ་བར་ཟླ་དགུ་ངོ་བཅུ་བསྡད་པས་གཉའ་ཁྲི་ལགས། སྣང་སྲིད་ཀུན་ལ་བཀའ་བཙན་པས་ན་བཙན་པོའོ། " ཞེས་གཉའ་ཁྲི་བཙན་པོས་རང་གི་མ་ལ་དེ་ལྟར་གསུངས་པར་སྣང་།

འོ་དེ་སྤུ་རྒྱལ་ནི། དེ་ཡང་ལྷ་ས་གཙུག་ལག་ཁང་མདུན་རྒྱ་བོད་འཆིང་ཡིག་གི་རྡོ་རིང་ཡིག་ཕྲེང་ ༥ པ་ནས་ " འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། (༩༩) ཡུལ་བྱུང་ས་དོད་ཚུན་ཅད། འུང་ནས་མྱིའི་རྗེར། བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། གངས་རི་མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་འགོ ཡུལ་མཐོ་ས་གཙང་བ་ལ་གནམ་གྱྀ་ལྷ་ལས། མྱྀའི་རྒྱལ་པོར་གཤེགས་ཏེ། གཙུགས་ལག་ཆེན་པོས་ནྀ་ཡུན་གྱི་སྲིད་བཙུགས། ཆོས་ཁྲིམས་བཟང་པོས་ནི་ཚུལ་གནང་། བྱམས་པའི་བཀའ་དྲིན་གྱྀས་ནྀ་ནང་གྀ་ཚིས་སྦྱརད། " ཞེས་བྱུང་བ་ལྟར་བོད་ཀྱི་ལོ་རྒྱུས་ཅན་ལྔའི་ནང་ཚན། ཡོ་ག་ལྷ་དགྱེས་ཅན་ གྱི་ཁུངས་ལྟར་བྱས་ན་འོ་དེ་གུང་རྒྱལ་ཞེས་པའི་ལྷ་དེ་ནི་བོད་ཀྱི་སྲིད་པ་ཆགས་པའི་ལྷ་དགུ་ཞེས་རླུང་ལྟར་གྲགས་པ་དེ་ཚོའི་ཡབ་ཡིན་པར་བཤད། གཉའ་ཁྲི་བཙན་པོའི་དུས་སུ་བཙན་པོའི་བླ་རིའམ། ལྷ་རི་ཞེས་པ་ཞིག་བྱུང་འདུག་པ་དེའི་མིང་ལ་འོ་དེ་གུང་རྒྱལ་ཟེར། རི་དེ་དེང་ལྷོ་ཁ་ཟངས་རི་རྫོང་ཁུངས་ཀྱི་ཡར་ཀླུང་གཙང་པོའི་འགྲམ་དུ་གནས་ཤིང་། རི་དེའི་ནུབ་ཕྱོགས་སུ་ལྷོ་ཁ་དང་། ཤར་ཕྱོགས་སུ་དྭགས་པོའི་ས་ཁུལ་ཡིན་འདུག

འོ་ན་གཉའ་ཁྲི་བཙན་པོ་ལ་ལྷ་འོ་དེ་གུང་རྒྱལ་གྱི་མཚན་ནས་དྲས་ཏེ། འོ་དེ་སྤུ་རྒྱལ་ཞེས་མཚན་འབོད་དགོས་པའི་རྒྱུ་མཚན་གང་ཡིན་ཟེར་ན། གཅིག་ནས་ཡོ་ག་ལྷ་དགྱེས་ཅན་གྱི་ནང་དུ་གཉའ་ཁྲི་བཙན་པོའི་གདུང་བརྒྱུད་ལྷར་གཏུགས་ཤིང་། ལྷ་འོ་དེ་གུང་རྒྱལ་དེ་གཉའ་ཁྲི་བཙན་པོའི་ཡང་མེས་སུ་གྱུར་པ་དང་། གཉིས་ནས་འོ་དེ་གུང་རྒྱལ་ནི་སྲིད་པའི་ལྷ་རབས་ཚང་མའི་ཡབ་མ་གྱུར་པ་མེད་པ་ལྟར་སྣང་བས། སྣང་སྲིད་ཀུན་ལ་དབང་སྒྱུར་བ་ལྟར་ཆེ་བསྟོད་གྱི་ཚུལ་དུ་མཚན་འོ་དེ་སྤུ་རྒྱལ་ཞེས་འབོད་པར་སྣང་། དེར་བརྟེན་རྒྱལ་པོ་ནི་ལྷ་དང་འདྲ་བས་མཚན་ལ་ལྷ་ཞེས་འབོད་པར་སྣང་ལ། རྒྱལ་པོའི་ལྟེ་གནས་ཀྱི་རྒྱལ་ས་ལ་ལྷ་ས་ཞེས་ཡོངས་སུ་གྲགས་པའང་བྱུང་འདུག །།

_____ སྐར་ཆེན་དང་ཟླ་ཆེན་གྱིས་བྲིས།