༄། །བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་ལས་གསུམ་པ།

དམག་དོན་བཤད་པ།



༄། བོད་ཀྱི་བཙན་པོ་ཐོག་མ་གཉའ་ཁྲི་བཙན་པོ་དེ་ཉིད་བོད་ཀྱི་རྒྱལ་ཕྲན་སིལ་མ་ཚོ་ཁག་དག་དང་དྲག་པོའི་དམག་འཐབ་དང་། ཞི་བའི་དམག་དོན་གྱི་གནའ་འབྲེལ་ཐབས་ཇུས་ལ་བརྟེན་ནས་བོད་ཀྱི་བཙན་པོའི་ཁྲི་ལ་འཁོད་ཐུབ་པ་བྱུང་བ་མ་ཟད། གངས་རི་བྱུར་བུས་སྐོར་བ་ཡོངས་ཀྱི་བདག་པོའི་ཚུལ་དུ། བོད་ཁམས་ཡོངས་ལ་མངའ་དབང་བསྒྱུར་བ་ཡིན། དེ་ཡང་ལྷ་སའི་ར་ས་གཙུག་ལག་ཁང་མདུན་དུ་ཡོད་པའི་རྒྱ་བོད་འཆིང་ཡིག་གི་རྡོ་རིང་ཤར་ངོས་ཀྱི་ཡིག་ཕྲེང་ལྔ་པར།



༥༽ " འཕྲུལ་གྱྀ་ལྷ་བཙན་པོ་འོ་ལྡེ་སྤུ་རྒྱལ། ཡུལ་བྱུང་ས་དོད་ཚུན་ཅད། 
༦༽ འུང་ནས་མྱིའི་རྗེར། བོད་ཀྱྀ་རྒྱལ་པོ་ཆེན་པོ་མཛད་པ་ཡང་། གངས་རི་
༧༽ མཐོན་པོའི་ནི་དབུས། ཆུ་བོ་ཆེན་པོའི་ནི་འགོ །ཡུལ་མཐོ་ས་གཙང་
༨༽ བ་ལ་གནམ་གྱྀ་ལྷ་ལས། མྱྀའི་རྒྱལ་པོར་གཤེགས་ཏེ། གཙུག་ལག་
༩༽ ཆེན་པོས་ནྀ་ཡུན་གྱི་སྲིད་བཙུགས། ཆོས་ཁྲིམས་བཟང་པོས་ནི་
༡༠༽ ཚུལ་གནང་། བྱམས་པའི་བཀའ་དྲིན་གྱྀས་ནྀ་ནང་གྀ་ཚིས་སྦྱརད། 
༡༡༽ དགྲ་ཐབས་མཁས་ནས། ཕྱིའི་དགྲ་བཏུལ་ཏེ། ཆབ་སྲྀད་ནྀ་ཕྱིར་ཞེང་ཆེ། 
༡༢༽ དབུ་རྨོག་ནྀ་སྲ་ཞིང་བརྩན་པ་ནམ་ཞར་མྱི་འགྱུར། བྱིན་མྱི་
༡༣༽ ཉམས་པའྀ་གཡུང་དྲུང་གི་རྒྱལ་པོ་ཆེན་པོ་ནྀ་ཆེ། དེའྀ་ཕྱིར་ལྷོ་ཕྱོགས་
༡༤༽ ཀྱྀ་མོན་རྒྱ་གར་དང་། ནུབ་ཕྱོགས་ཀྱྀ་ཏ་ཟིག་དང་། བྱ་ཕྱོགས་ཀྱྀ་དྲུ་གུ་ནེ་
༡༥༽ སྨེལ་ལ་སྩོགས་པ། གཡུག་་་(གཅིག)། རྒྱལ་པོ་སྡོམ་ནམ་ཞར་བྱ་བ་ཀུན་གྱི་
༡༦༽ འཕྲུལ་གྱྀ་ལྷ་བཙན་པོའི་དབུ་རྨོག་བརྩན་(བཙན) པོ་དང་་་་ཡང་བོར་ནྀ་
༡༧༽ ཕྱོགས་མྱྀ་གུས་པ་མྱེད་དེ། ཕན་ཚུན་དགྱེས་ཤིང་བཀའ་སྩལད་དོ་མཆོག་(ཅོག)
༡༨༽ ཉན་པ་ཡིན། " 
ཞེས་བྱུང་བ་དེའི་ནང་གི་ " འཕྲུལ་གྱི་ལྷ་བཙན་པོ། " ཞེས་པ་ནི། རྫུ་འཕྲུལ་དང་ལྡན་པའི་ལྷའི་གདུང་ལས་འཆད་པའི་བཙན་པོ། ཞེས་དང་། " འོ་དེ་སྤུ་རྒྱལ་ " ནི་གོང་དུ་གསོལ་པ་བཞིན་ " ཡོ་ག་ལྷ་དགྱེས་ཅན་ " ནས་བཤད་པ་ལྟར་སྲིད་པའི་ལྷ་རབས་མཆེད་བཞིའི་ཡ་གྱལ་གྱི་ཆུང་བདག འོ་དེ་སྤུ་རྒྱལ་ཟེར་བ་དེ་ཡིན་པས། དེ་ནི་གཉའ་ཁྲི་བཙན་པོའི་ཨ་ཁུར་གྱུར་པ་ཡིན། ལྷ་དེ་ཕྱིས་སུ་སྤུ་རྒྱལ་གྱི་བླ་རིའམ། ལྷ་རི་ཞིག་ཏུ་གྱུར་ནས་ཡོད་པས། དེ་དེང་སང་ལྷོ་ཁ་ཟངས་རི་རྫོང་ཁོངས་ཡར་ཀླུང་གཙང་པོའི་ཉེ་འགྲམ་དུ་གནས། འོ་དེ་ཞེས་པ་དེ་ལྟར་སྐུ་ལྷ་དེའི་མཚན་ལས་དྲས་ཏེ། སྤུ་རྒྱལ་ཞེས་དེ་ལྟར་རྒྱལ་པོ་གཉའ་ཁྲི་བཙན་པོའི་གདུང་གི་མཚན་ལ་སྦྱར་ནས་འབོད་པ་ཡིན་པས། དེ་ནི་བཙན་པོ་གཉའ་ཁྲི་བཙན་པོར་ཆེ་བསྟོད་ཀྱི་ཚུལ་དུ་མཚན་ནས་དེ་ལྟར་འབོད་པ་ཡིན། 


ཡང་གོང་གསལ་རྡོ་རིང་དེའི་ཡིག་ཕྲེང་ ༡༡ པར་ " དགྲ་ཐབས་མཁས་ནས། ཕྱིའི་དགྲ་བཏུལ་ཏེ " ཞེས་བྱུང་བས་དེ་སྐབས་བོད་ཀྱི་རྒྱལ་ཕྲན་སིལ་མ་རྣམས་ཀྱིས་སྲིད་མ་ཐེག་པའི་སྐབས་དེར། ཕན་ཚུན་དམག་འཐབ་བྱེད་པ་ལ། མཐུ་སྟོབས་དང་ལྡན་པའི་གཉའ་ཁྲི་བཙན་པོ་དེ་ཉིད་དགྲ་ཐབས་མཁས་པས། མཐར་སུས་ཀྱང་གླག་མ་འཁེལ་བར་དམག་གི་རྒྱལ་ཁ་ལེན་ནས། སྤུ་རྒྱལ་བོད་ཀྱི་རྒྱལ་པོའི་ཁྲི་འཕང་ལ་འཛེགས་ཐུབ་པ་བྱུང་བ་ཡིན།

བོད་ཀྱི་ཆོས་འབྱུང་རྒྱལ་རབས་རྣམས་སུ་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། སིལ་མ་བཞི་བཅུ། ཞེས་ཡོངས་གྲགས་སུ་བཀོད་པར་སྣང་ཡང་། གྲངས་ཀ་རེ་རེ་བཞིན་ནི་བགྲང་རྒྱུ་མེད་པ་ཞིག་ཡིན། དེ་བཞིན་ཏུང་ཧོང་ཡིག་རྙིང་ནང་དུའང་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། སེ་རེ་ཁྲི་བསྣན་པས་བཅུ་གསུམ་ཞེས་ཁ་གསལ་ལྟར་སྣང་ཡང་། དངོས་སུ་གྲངས་རྩིས་བྱེད་སྐབས་རྒྱལ་ཕྲན་སིལ་མ་ཉི་ཤུ་བྱུང་། སྤྱིར་བོད་ཀྱི་སྲོལ་རྒྱུན་ལ་ཆེ་ལོངས་ཀྱི་གྲངས་ཀ་བགྲང་སྲོལ་ཞིག་ཡོད་པ་དཔེར་ན། བདེ་མཆོག་ལྷ་དྲུག་ཅུ་རྩ་གཉིས་ལ། ལྷ་དྲུག་ཅུ་མ་ཞེས་པ་སོགས་ཡོད་པས། དེ་ནི་བརྗོད་བདེའི་ཚུལ་དུ་དེ་ལྟར་བྲིས་པ་ཞིག་ཡིན་འདུག །གཉིས་ནས་ཏུན་ཧོང་ཡིག་རྙིང་བྱུང་བའི་དུས་སྐབས་དེ་དག་ཏུ། དེང་དུས་ལྟར་གྱི་བྲིས་ཆས་འཛོམས་པོ་མེད་པའི་ཁར། ད་ལྟའི་ཡུལ་དང་མཁར་ཆགས་ཚུལ་ལ་ལྟས་ན། མི་ཚེ་ཕལ་ཆེ་བ་ཕྱི་ནང་ཕན་ཚུན་ད྄གྲ་དམག་རྒྱག་རེས་བྱས་ནས་ཟད་འགྲོ་བ་ལས། ཞིབ་ཚག་ལྷོད་པོའི་ཚུལ་དུ་རྒྱལ་རབས་འབྲི་བའི་དུས་སྐབས་ཤིག་མ་བྱུང་བ་ཡིན་སྙམས། ཡང་དུས་རབས་ ༡༥ ཡས་མས་སུ་བྲིས་པའི་བོད་ཀྱི་ཆོས་འབྱུང་རྒྱལ་རབས་དེ་དག་ནི། སྐབས་དེ་དང་དེའི་སྐབས་ཀྱི་གནས་དོན་གྱི་བརྗོད་གཞི་གཙོ་བོར་བྱས་ནས་བྲིས་པ་ལས། བོད་བཙན་པོའི་རྒྱལ་རབས་ལ་ཞིབ་འཇུག་བྱས་ནས་བྲིས་མཁན་ནི་རེ་ཟུང་ཕུད། དེ་མིན་ཕལ་ཆེ་བས་ས་བཅད་མ་སྟོང་ཙམ་དུ་གཞན་ནས་བྲིས་ཤུས་བྱས་པ་ཙམ་དུ་ཟད། 

དེ་བཞིན་ཕྱིས་སུ་བྲིས་པའི་ཆོས་འབྱུང་ལོ་རྒྱུས་ཁག་ཅིག་གི་ནང་དུ། རྐོང་པོ་ལྷ་རི་གྱང་ཐོ། ཞེས་དེང་ཀོང་པོ་ཉིང་ཁྲི་རྫོང་ཁོངས་སྟག་རྩེ་ཆུས་ཀྱི་གྲོང་ཚོའི་འགྲམ་དུ་ཡོད་པའི་དུས་ཕྱིས་བོན་རིར་གྲགས་པའམ། ཡང་ན་ཡུ་མོ་བརླ་མཁར་གྱི་དཀར་ཆག་ལྟར། བོད་རྣམས་རྗེ་བོ་འཚོལ་བ་དང་བྱང་ལམ་གཡའ་ལེ་གོང་དུ་འཕྲད་ཅེས་པ། དེང་དྭགས་པོ་སྐྱེམ་སྟོང་ནས་སྣང་རྫོང་དུ་ཡོང་བའི་ལམ་བར་ན་ཡོད་པའི་ཀོང་པོ་ང་ལ། ཞེས་ཡོངས་སུ་གྲགས་པའི་ལ་ཆེན་དེར་བོན་ཤེས་པ་ཅན་དག་གིས་ལྷ་གསོལ་པའི་དུས་དང་འཕྲད་དེ། གང་ནས་ཡོང་ཞེས་དྲིས་པར། དེས་ནམ་མཁར་མཛུམ་མོ་བཙུག་པར་གནམ་ལས་བབ་པར་ཡིད་ཆེས་བྱས་ནས། གཉའ་ལ་བཏེགས་ནས་བོད་ཀྱི་རྒྱལ་པོ་བཅོལ་བའི་ལོ་རྒྱུས་བཤད་པ་དེ་དག་ལ་དོག་འདྲི་མང་ཞིང་། གང་ལགས་ཟེར་ན། འོ་དེ་སྤུ་རྒྱལ་དེ་བཞིན་གྱི་དཀྱིལ་འཁོར་ལེགས་པ་དང་། ཕྱག་སོར་དྲ་བས་འབྲེལ་བ་ལ་བརྟེན་ནས་རྒྱལ་པོར་བསྐོས་པ་ཞིག་ཡིན་ནམ། ཡང་ན་དེས་གནམ་ལ་མཛུམ་མོ་བཙུག་པར་གནམ་ནས་མར་བབ་པར་ཚོད་དཔག་བྱས་ནས་རྒྱལ་པོར་བསྐོས་པ་ཞིག་ཡིན། ཡང་ན་མི་དེ་ཤིན་ཏུ་མཐུ་ཆེ་བས་ཡུལ་མི་ཀུན་གྱིས་འདྲེར་བརྩིས་ནས་ཡུལ་ཕུད་དེ་བོད་དུ་འོང་བ་ལ་བརྟེན་ནས་རྒྱལ་པོར་བསྐོས་སམ། ཡང་ན་བོད་རྣམས་རྗེ་བོ་འཚོལ་བར་རྒྱུས་མེད་ཀྱི་མི་དེ་འཕྲད་དེ། དེའི་ཟེར་ཚུལ་ལ་གཞིགས་ནས་རྒྱལ་པོར་བསྐོས་པ་ཞིག་ཡིན། ཡང་ན་བོན་ཤེས་པ་ཅན་བཅུ་གཉིས་སུ་གྲགས་པ་དེ་དག་མངོན་ཤེས་ལ་ཐོགས་པ་མེད་པ་ཞིག་ཡིན་ནམ། དེ་མིན་བོན་ཤེས་པ་ཅན་དེ་ཚོར་བོད་ཁམས་ཡོངས་ཀྱི་རྒྱལ་པོ་བསྐོ་བའི་དབང་ཆ་དེ་འདྲ་གང་འདྲས་སེ་བྱུང་བ་ཡིན་སོགས་ཀྱི་དོག་གནད་མི་ཉུང་བ་ཞིག དེང་དུས་ཀྱི་ལོ་རྒྱུས་སྨྲ་བ་རྣམས་ལ་རང་བཞིན་གྱིས་ཡོང་རྒྱུར། དེ་དག་ལ་དངོས་ཐོག་བདེན་འཚོལ་གྱི་ལན་འདེབས་ཁ་གསལ་ཁུངས་འཕེར་གདེང་ཐུབ་པ་ཞིག་དགོས་ངེས་ལ། དེ་ལྟ་བུའི་ཡིག་ཆ་ནི། ཏུན་ཧོང་གི་ཡིག་རྙིང་གཙོ་བོར་གྱུར་པའི་བོད་ཀྱི་ལོ་རྒྱུ་ཡིག་རྙིང་ཁུངས་ལྡན་ཁག་དང་། རྡོ་རིང་དང་བྲག་རྐོས། གནའ་རྫས་རྙིང་ཤུལ་སོགས་ཁོ་ན་ལ་བརྟེན་དགོས་པ་ལས་གཞན་གྱི་སྤྱོད་ཡུལ་ནི་འགྱུར་བར་དཀའ། 

ད་འདིར་ཐོག་མར་གཉའ་ཁྲི་བཙན་པོའི་དགྲ་ཁ་བཏད་བྱེད་སའི་རྒྱལ་ཕྲན་སིལ་མ་ཉི་ཤུ་དེ་དག་འདིར་ཏུན་ཧོང་ཡིག་རྙིང་ལས་ཇི་ལྟར་བྱུང་བ་བཞིན་ཞིབ་རྩིས་བྱེད་པ་ལ། ཏུན་ཧོང་ཡིག་རྙིང་ཨང་གྲངས་ P1286.0007 ནས་མར་མཁར་ཆུང་བོད་ཀྱི་རྒྱལ་ཕྲན་སིལ་མ་བཤད་པ་ནི། 
༡༽ " ཞང་ཞུང་དར་བའྀ་རྗེ་བོ་ལིག་སྙ་ཤུར་བློན་པོ་ཁྱུང་པོ་ར་སངས་(སྩངས་) རྗེ་དང་། སྟོང་ལོམ་མ་རྩེ་གཉྀས། 
༢༽ མྱང་རོའི་པྱེད་ཀར་(ཕྱེད་དཀར) ན། རྗེ་རྩང་(གཙང)རྗེའི་ཐོད་ཀར་(དཀར)། བློན་པོ་སུ་དུ་དང་གནང་གཉིས།
༣༽ ཡུལ་(གནུབས) གྱྀ་ཀླིང་(ཀྱི་གླིང)དགུའ་ན།རྗེ་གནུབས་རྗེའྀ་སྲིས་(སྲིད) པ། བློན་པོ་རྨེའུ་དང་གྲོ་གཉིས།
༤༽ ཡུལ་མྱང་རོའི་ཤམ་པོ་ན། རྗེ་ལོ་ངམ་བྱི་བྲོམ་ཚ། བློན་པོ་ངབ་མྱི་དང་འབྲེ་(འབྲོ) གཉིས།
༥༽ ཡུལ་སྐྱི་(སྐྱིད) རོའི་ལྗང་སྔོན་ན། རྗེ་སྐྱི་(སྐྱིད) རྗེའི་རྨང་པོ། བློན་པོ་ཤེའུ་དང་སྤུག་གཉིས། 
༦༽ ཡུལ་ངས་པོའི་ཁྲ་སུམ་ན། རྗེ་དགུག་(དགུ) གྲྀའི་ཟིང་པོ་རྗེ། བློན་པོ་མགར་དང་གཉན་གཉིས།
༧༽ ཡུལ་དབྱེ་མོ་ཡུལ་བཞྀ་ན། རྗེ་དབྱེ་རྗེའྀ་མཁར་པ། བློན་པོ་དབོ་དང་རྟུག་གཉིས། 
༨༽ ཡུལ་འོ་ཡུལ་གྱི་སྤང་གར་(ཁ) ན། རྗེ་འོལ་རྗེའྀ་ཟིན་བྲང་ཚ། བློན་པོ་རྔོ་དང་དབའས་གཉིས། 
༩༽ ཡུལ་རྔེགས་ཡུལ་གྱི་གྲུ་བཞི་ན། རྗེ་རྔེགས་རྗེའྀ་ལ་བྲང་(ལིན་འབྲང་P1060.0080) བློན་པོ་སས་(སད) པ་དང་མྱང་ནད་གཉིས།
༡༠༽ ཡུལ་ཀླུམ་རོའི་ཡ་སུམ་ན་རྗེ་ནམ་པའི་བུ་གསེང་ཏི། བློན་པོ་མྱང་དང་སྦྲང་གཉིས། 
༡༡༽ ཡུལ་སྲིབས་(སྲིབ) ཡུལ་གྱི་རལ་མོ་གོང་ན། རྗེ་དྲང་རྗེའྀ་རྣོལ་ནམ། བློན་པོ་ཞུག་ཚམས་དང་དབྲད་གཉིས། 
༡༢༽ ཡུལ་རྐོང་ལ་བྲེ་སྣ་ན།རྗེ་རྐོང་རྗེའི་དཀར་པོ། བློན་པོ་མཁར་པ་དང་ཕ་དྲུག་གཉིས་(འཕན་གཏུག)གཉིས། 
༡༣༽ ཡུལ་མྱང་(ཉང) ཡུལ་གྱྀ་རྟ་གསུམ་ནའ། རྗེ་མྱང་(ཉང)ཙུན་སླང་རྒྱལ། བློན་པོ་འོ་རུ་དང་སྤྲགས་གཉིས། 
༡༤༽ ཡུལ་དགས་(དྭགས)ཀྱི་གྲུ་བཞི་ན། རྗེ་དགས་(དྭགས་རྒྱལ་གྱྀ་སྤྲོག་ཟིན། བློན་པོ་ཕོ་གུ་དང་པོག་(ཕོག)རོལ་གཉྀས། 
༡༥༽ ཡུལ་མཆྀམས་ཡུལ་གྱི་དགུའ་ཤུལ་ནའ། རྗེ་མཆིམས་རྗེའྀ་ནེའུ། བློན་པོ་དང་དང་དིང་དིང་གཉིས། 
༡༦༽ ཡུལ་སུམ་ཡུལ་གྱྀ་ཡ་སུམ་ནའ། རྗེ་འཐལ་(འབལ)ལྗྀ་མང་རུ་ཏི། བློན་པོ་རླང་དང་ཀམ་གཉིས། 

༡༧༽ ཡུལ་འབྲོག་མོ་རྣམ་གསུམ་ནའ། རྗེ་སེ་རེ་ཁྲྀ། བློན་པོ་སྐྱང་རེ་གནག །རྒྱལ་པྲན་(ཕྲན) བཅུ་གཉིས་ན། 
སེ་རེ་ཁྲི་དང་བཅུ་གསུམ། བློན་པོཉྀ་ཤུ་རྩ་བཞི་ན། སྐྱང་རེ་གནག་དང་ཉི་ཤུ་རྩ་ལྔ། མཁར་བཅུ་གཉིས་ན། དབུ་ལྡེ་ དམ་པ་དང་བཅུ་གསུམ། ཡུལ་བཅུ་གཉྀས་ན། བྱང་ཀ་སྣམ་བརྒྱད་དང་བཅུ་གསུམ། " ཞེས་བྱུང་།