བཤེར་འཚོལ།

History-Banner

བརྟན་བཞུགས་ཆེན་མོའི་པར།

Loading script and Flickr images

14
11
13
12
10
11
9
8
7
6
5
4
3
2
1

གསལ་བསྒྲགས།

སྤྲེལ་ལོའི་བཀའ་ཆོས་ཆེན་མོ།

Monkey Year Teaching  2016 notice  Bodhi༄༅། །སྒྲུབ་བརྒྱུད་བསྟན་པ་རྒྱ་མཚོའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་ནས་སྤྱི་ལོ་ ༢༠༡༦ ཟླ་བ་ ༨ ཚེས་ ༥ ནས་༡༢ བར་ཉིན་བརྒྱད་ཀྱི་རིང་མང་ཡུལ་ལ་དྭགས་ལ་ལོག་འབྲི་གུང་བཀའ་བརྒྱུད་ཤར་དགོན་ཕུན་ཚོགས་ཆོས་གླིང་དུ་རྒྱལ་ཡོངས་འབྲི་གུང་བཀའ་བརྒྱུད་ཀྱི་སྤྲེལ་ལོའི་བཀའ་ཆོས་ཆེན་མོ་བཀའ་ཁྲིད་གནང་རྒྱུ།  

སྤྲེལ་ལོའི་བཀའ་ཆོས་ཆེན་མོའི་མཛད་རིམ་གཤམ་གསལ

Contact us: https://web.facebook.com/shachukul.gonpa

                   Mail: This email address is being protected from spambots. You need JavaScript enabled to view it.

 

རྗེ་བཙུན་ནཱ་རོ་པའི་རྣམ་ཐར།

འབྲི་གུང་ཨ་ཕྱི་དྲ་ཚིགས་ནས་སྟུག་པོའི་རང་གཤིས་ཀྱིས་བཤུས།

གདོད་ནས་ཡོངས་དག་བུམ་བརྒྱ་སྐྱེས་ཀྱི་ཁམས། །སླར་ཡང་དཀའ་ཆེན་བཅུ་གཉིས་སྤྱད་གསུམ་གྱིས། །སྦྱངས་པ་གྲུབ་མཆོག་ཛྙཱ་ན་སིདྡྷི་ཡིས། །ཐབས་ལམ་སྒྱུ་མའི་བདེ་སྟོང་རྒྱས་པར་མཛོད། །རྗེ་བཙུན་ཏིལླི་པ་དེ་ཉིད་ཀྱི་སློབ་མ་མཆོག་ཏུ་གྱུར་པ་དཔལ་ལྡན་ནཱ་རོ་པ་ཆེན་པོ་ནི། དེ་ཡང་བདག་ཉིད་ཆེན་པོ་འདི་འཁྲུངས་པའི་ཡུལ་ཁ་ཆེ། རིགས་ནི་བྲམ་ཟེ་ཡིན་པར་གྲགས་ཤིང༌། ཡབ་ནི་ཞི་བའི་གོ་ཆ། ཡུམ་ནི་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་གཉིས་ཀྱི་སྲས་སུ་སྟོན་པ་འདས་རྗེས་ལོ་ཆིག་སྟོང་ལྔ་བརྒྱ་ཐམ་པ་མེ་ཞེས་པ་མེ་འབྲུག་ལོར་ སྤྱི་ལོ་ ༩༥༦ ལོར་དགེ་མཚན་དུ་མ་དང་བཅས་ཏེ་བལྟམས། མཚན་ཡང་ཀུན་ཏུ་བཟང་པོ་ཞེས་གསོལ་ཏེ། ཁབ་ཏུ་ཞུགས་པའི་ཚེ་སྒྲ་དང་ཚད་མ་སོགས་པ་རིགས་པའི་གནས་རྣམས་ལ་བྱང་བར་མཛད། མཁན་པོ་སངས་རྒྱས་བསྐྱངས་ལས་རབ་ཏུ་བྱུང་ནས། སྙན་གྲགས་བཟང་པོ་ཞེས་བྱ་བའི་མཚན་གསོལ་ཏེ། སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའི་དོན་ལ་སྦྱངས་ཤིང་ཡོངས་སུ་རྫོགས་པའི་པཎྜི་ཏར་གྱུར་ནས་ན་ལེནྡྲའི་བྱང་སྒོ་སྲུང་བའི་སློབ་དཔོན་གྱི་ཁུར་མཛད་ཅིང༌། བཤད་ཉན་གྱི་བསྟན་པའི་བྱ་བ་སྒྲུབ་པའི་ཚེ། བསམ་པ། བདག་ནི་ཡོངས་རྫོགས་པཎྜི་ཏར་གྱུར་ཀྱང་རང་གི་སེམས་ནི་བ་འཇོ་བའི་ཚད་ཙམ་ཡང་མི་གནས། གར་འགྲོའི་གཏོལ་མེད་པ། ད་ནི་སེམས་ལ་དབང་འགྱུར་བའི་བླ་མ་བཙལ་བར་བྱ་སྙམ་དུ་དགོངས་ནས་འཁོར་ལོ་སྡོམ་པའི་ཉེ་སྙིང་ཡི་གེ་བདུན་པ་འབུམ་ཕྲག་བདུན་བཟླས་པས། ས་གཡོས་ཤིང་བུ་ཁྱོད་ཤར་ཕྱོགས་ངོས་སུ་ཏིལླི་པའི་རིགས་ཡིན་ནོ། །ཞེས་པའི་ལུང་བསྟན་ཐོབ་ནས། གློ་བུར་དུ་འཆད་ཉན་བཞག་སྟེ་ཤར་ཕྱོགས་ངོས་སུ་བླ་མ་འཚོལ་དུ་ཕྱིན་ནས། ཏིལླི་པ་གར་བཞུགས་དྲིས་པས། ལ་ལ་ན་རེ། རབ་བྱུང་གི་ཆ་ལུགས་ཅན། ལ་ལ་ན་རེ། སྤྱོད་པའི་ཆ་ལུགས་ཅན་ཡིན་ཟེར་ཞིང༌།

འདི་ཡིན་འདིར་བཞུགས་ཀྱི་གཏོལ་མི་འདུག་པས་ནགས་སྟུག་པོ་ཞིག་གི་ནང་དུ་རྔོན་པ་ཞིག་འདུག་པ་ལ་དྲིས་པས། རི་དྭགས་གཤོལ་གྲོགས་གྱིས་དང༌། བསྟན་གྱིས་ཟེར་བ་ལ། མ་ནུས་པས། མི་སྣང་བར་གྱུར་ཏེ། ལམ་སྟོར་བར་གྱུར་པ་ལ། འཁྱམས་ཤིང་ཕྱིན་ཏེ་མི་གཅིག་གིས་གཅིག་བསྒྱེལ་ནས་རྒྱུ་མ་འདྲེན་པ་ཞིག་སྣང་བ་ལ། ཏིལླི་མཐོང་ངམ་དྲིས་པས། འདི་འདྲེན་རོགས་གྱིས་དང༌། བསྟན་གྱིས་ཟེར་བ་ལ། མི་ནུས་བྱས་པས། མི་སྣང་བར་གྱུར་ཏེ། མྱ་ངམ་གྱི་ཐང་ཆེན་པོ་ཅི་བྱེད་གཏོལ་མེད་པ་ཅིག་ཏུ་སླེབས་ནས་འདུག་སྟེ། བླ་མའི་སྤྲུལ་པར་ངོ་མ་ཤེས་པས་དཀའ་ཕྲན་བརྒྱད་ཅུའི་སྒོ་ནས་བཙལ་ཡང་བླ་མ་མ་རྙེད་དོ། །རེ་ཞིག་རིམས་ནད་ཕོག་པའི་ལྷ་ཁང་གི་ནང་ན་དགེ་འདུན་རྣམས་གདུགས་ཚོད་གསོལ་བའི་གྲལ་གྱི་ཕྱི་རོལ་མེ་དཔུང་ཡོད་པའི་འགྲམ་མི་སྔོ་ལ་རིད་པ་ཉི་ལྷག་གིས་གདུངས་ཤིང་འདོམ་དཀྲིས་ཙམ་ལས་མེད་པ་ཞིག་གིས། ཉ་རློན་པ་ཁ་ཅིག་ཁྱེར་ཏེ་བསྲེགས་པ་ལས། ནཱ་རོ་པས། འདི་ལྟར་མ་བྱེད་ཅེས་སྨྲས་པས་ཕུས་བཏབ་ཅིང་ཆུར་བཅུག་པས་སོས་པར་གྱུར་ཏེ། དེར་ནུས་ལྡན་འདི་ཏིལླི་པ་ཡིན་ནམ་སེམས་པ་ལ། ནཱ་རོ་པ་ཡིན་ནོ་ཟེར། སྤྱོད་ལམ་ལ་ཐེ་ཚོམ་སྐྱེས་པའི་ཚེ། ནཱ་རོ་པ་མིན་མིན་གསུངས་པས་མངོན་མཁྱེན་མངའ་བར་ཤེས་ཏེ། ཞབས་སྤྱི་བོར་བླངས་ནས་བདག་རྗེས་སུ་འཛིན་པར་ཞུ་ཞུས་པས། ཅང་མི་གསུང་བར་སྙིང་གར་རྡོག་པས་བསྣུན་ནས་བཞུད་དོ། །ཕྱི་བཞིན་འབྲེངས་པས་གཙུག་ལག་ཁང་ནམ་མཁའི་རྩེ་མོ་སྙེགས་པ་འདྲ་བ་ཞིག་གི་སྟེང་དུ་བྱོན་ནས། བུ་སྙིང་སྟོབས་དང་ལྡན་པ་ཡོད་ན་འདི་ནས་མཆོངས་གསུངས་པ་ལ། ཐེ་ཚོམ་མེད་པར་མཆོངས་པས་ལུས་དུམ་བུ་བརྒྱ་སྟོང་དུ་སོང་ཞིང༌། ཟུག་གཟེར་གྱིས་འཆི་བ་ལ་ཉེ་བའི་ཚེ། བླ་མ་བྱོན་ནས་ཁྱོད་ནའམ་གསུངས། ན་ལགས་ཞུས་པས། ངར་འཛིན་ལུས་ཀྱི་རྫ་མ་འདི། །ཆག་ཀྱང་རུང་གི་ནཱ་རོ་པ། །རོ་ཀ་ན་ཧའི། ཕོ་ག་ན་ཧིའི། །ཞེས་གསུངས་པས་སྡུག་བསྔལ་ལས་གྲོལ་ལོ། །དེ་ནས་གདུག་པ་ཅན་གྱི་སྲིན་བུས་གང་བའི་ཆུ་བོ་ལ། བླ་མའི་ཟམ་པ་བྱས་པས་ཆུ་བོའི་ནང་བྱིང་ཞིང་ཉམས་ཉེས་པ་ཡང༌། སྔར་བཞིན་མཛད་པས་གྲོལ་བར་གྱུར་ཏོ། །ཡང་དགེ་འདུན་ཚང་མང་དུ་ཙན་དན་གྱི་མེ་དཔུང་རབ་ཏུ་འབར་བའི་ནང་དུ་ཚམ་ཚོམ་མེད་པར་བླ་མའི་བཀའ་བཞིན་ཞུགས་པས་རྣམ་ཤེས་མ་འཕོས་ཙམ་བླ་མའི་དྲིན་གྱིས་གྲོལ་ལོ། །ཡང་རེ་ཞིག་ན་གསང་གནས་ཀྱི་བུ་གར་ལྕགས་ཀྱི་ཐུར་མ་ཡང་བཅུག་ཅིང་ཡུན་རིང་དུ་ཉམས་ཉེས་ཡང་སྔར་ལྟར་ཡང་སོས་པར་མཛད་པ་ཡིན་ནོ། །དེ་ནས་དུས་རེ་ཞིག་ན་ཡུལ་དེར་སྐྱེ་བོའི་དགའ་སྟོན་ཆེན་པོ་བྱུང་བའི་ཚོད་མ་ལ་ཉུང་རུང་དྲང་བའི་ཚེ། རྐན་སྒྲ་དག་མཛད་དེ་མཉེས་མཉེས་ལྟར་འདུག་པ་ལ། ནཱ་རོས་ཡང་ཡང་དྲངས་ཤིང་ཕྱིས་ནས་ཟངས་ཀྱང་ཁྱེར་ཏེ་བྲོས་པས། མི་རྣམས་ཀྱིས་དེད་དེ་ལྕགས་ཀྱི་ཁང་བུར་བཅུག་ནས་སོལ་དཀར་གྱི་མེས་བསྲེགས་པའི་སྡུག་བསྔལ་མྱོང་བའི་ཚེ། བླ་མས་སྔར་ལྟར་བྱིན་གྱིས་བརླབས་པས་སྡུག་བསྔལ་ལས་གྲོལ་ལོ། །ཡང་རེ་ཞིག་ལམ་དུ་གཤེགས་པའི་ཕྱག་ཕྱིར་བྱོན་པའི་ཚེ། རྒྱལ་པོ་འཁོར་བཅས་འདུག་པའི་ནང་དུ་བཏང་ནས་བཙུན་མོ་ལ་སེན་མོ་འདེབས་པ་དང༌། ནུ་མ་མཉེད་དུ་བཅུག་པས། ཉུག་རུམ་པ་རྣམས་ཀྱིས་ཡན་ལག་རྣམས་སོ་སོར་བྲེགས་ཤིང༌། སྡུག་བསྔལ་གྱིས་གཟིར་བའི་ཚེ་སྔར་བཞིན་གྲོལ་བར་མཛད་དོ། །ཡང་དུས་རེ་ཞིག་བློན་པོ་མཆོག་གི་ཆུང་མ་བླངས་ནས་བྱུང་བ་ལ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་ཡོད་ན། བློན་པོའི་ཆུང་མ་ལ་འོ་བྱེད་པ་ཡིན་གསུངས་པས། བཀའ་བཞིན་དུ་བགྱིས་པའི་ཚེ་གཉེ་བོ་རྣམས་ཁྲོས་ནས་བརྡུངས་ཤིང་སྡུག་བསྔལ་གྱི་ཚོར་བ་མྱོང་བའི་ཚེ། བླ་མ་བྱོན་ནས་སྔར་བཞིན་སྡུག་བསྔལ་ལས་གྲོལ་བར་མཛད་དོ། །དེ་འོག་ཏུ་རྒྱལ་པོའི་བཙུན་མོ་དམ་པ་ཤིང་རྟའི་སྟེང་དུ་བཞག་སྟེ། མཛེས་མའི་ལང་ཚོ་དང་ལྡན་པར་འདུག་པའི་ཚེ། སྐྱེས་བུ་སྙིང་སྟོབས་དང་ལྡན་པ་ཡོད་ན། བཙུན་མོ་འདི་ཤིང་རྟ་ལས་ཕོབ་ཅིག་ཅེས་བསྒོ་བའི་བཀའ་ཉན་ནས་ཚམ་ཚོམ་མེད་པར་ཕབ་པས། བཙུན་མོའི་འཁོར་རྣམས་ཀྱིས་ཏིལ་བཞིན་དུ་བརྡུངས་ཤིང་བཙིར་བའི་ཚེ། སྔར་བཞིན་བླ་མའི་བཀའ་དྲིན་གྱིས་སོས་པར་གྱུར་ཏོ། །དེ་ནས་རྗེ་བཙུན་ཏིལླི་པས། སྨིག་སྒྱུའི་སྐྱེས་བུ་བླ་མའི་སྐུ་ལ་བརྡོ་བ་ལྟར་སྣང་བ་ཞིག་སྤྲུལ་ནས་ནཱ་རོ་པ་སྐྱེས་བུ་འདི་ངལ་མ་བསོས་པར་དེད་ཅིག་གསུངས་པས། མགྱོགས་པར་དེད་པས་རེ་ཞིག་ཐང་ཆད་པའི་སྟབས་ཀྱིས་བརྒྱལ་ཞིང་འགྱེལ་བ་ལས། སླར་བརྒྱལ་སངས་པར་གྱུར་ཏེ། གད་མེད་གཡང་མེད་ལ་དེད་པས་གཅོང་རོང་ཟབ་མོ་འཇིགས་སུ་རུང་བ་ཞིག་ཏུ་ནཱ་རོ་པ་ལྷུང་ནས་སྡུག་བསྔལ་བར་གྱུར་པའི་ཚེ། སྔར་བཞིན་བླ་མ་བྱོན་ནས་སོས་པར་མཛད་དོ། །ཡང་དུས་རེ་ཞིག་གི་ཚེ་མིའི་བུ་མོ་གཟུགས་དང་ལང་ཚོ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་གང་གིས་མཐོང་བར་གྱུར་ན། ཐུབ་པ་རྣམས་ཀྱང་སེན་མོའི་རྩེ་མོ་འགུལ་བ་ཞིག་གཟིགས་ནས། ནཱ་རོ་པ་འདི་ལ་ལས་ཀྱི་ཕྱག་རྒྱ་གྱིས་ཤིག་གསུངས་པས་དེ་ལྟར་བྱས་པས་བུ་མོའི་ཁྱོ་འཁོར་དང་བཅས་པས་ནཱ་རོ་པ་བཟུང་ནས། འདིས་ལན་འདིས་ཉེས་ཟེར་ཞིང་འབྲས་བྲུ་བའི་ཐོ་བས་རྡོ་རྗེ་གཏུན་དུ་བཅུག་ནས་བརྡུངས་པའི་ཟུག་རྔུས་ཉེན་པའི་ཚེ། བླ་མའི་བྱིན་རླབས་ཀྱིས་སོས་པར་མཛད་དོ། །དེ་ནས་རེ་ཞིག་བླ་མའི་ཞལ་ནས་བུ་ཁྱོད་གདམས་ངག་འདོད་ན་རྒྱལ་པོའི་བཙུན་མོ་དམ་པ་འདི་ཁུག་ལ་ཕྱག་རྒྱར་ཕུལ་ཅིག་གསུངས་པས། ནཱ་རོས་དགའ་ཆེས་ནས་འགུགས་པར་བརྩམས་པའི་ཚེ། རྒྱལ་པོས་བཟུང་ནས་ཁྲི་རྒྱོགས་ཀྱི་འཁྲུལ་འཁོར་དུ་བཅུག་ན་འཕངས་པས། ཤ་རུས་དུམ་བུར་གྱུར་ཅིང་ཀུན་གཞི་མ་འཕོས་ཙམ་ལ། བླ་མའི་བྱིན་རླབས་ཀྱིས་སོས་པར་མཛད་དོ། །དེ་ནས་རྗེ་བཙུན་ཆེན་པོ་མྱ་ངམ་གྱི་ཐང་ཆེན་པོ་འཇིགས་སུ་རུང་བ་ཞིག་ན་གཤེགས་ཤིང༌། གདམས་ངག་འདོད་ན་ཤོག་ཅིག་གསུངས་པ་ལ། ནཱ་རོ་པས་བསྙགས་ཀྱང་མ་སླེབ་པར་དབུགས་ཆད་དེ་འགྱེལ་ལོ། །དེ་ནས་བརྒྱལ་སངས་པ་དང་བླ་མ་མདུན་ན་འདུག་པ་ལ་ཕྱག་དང་སྐོར་བ་བྱས་ཏེ་གསོལ་བ་བཏབ་ཀྱང༌། ཅང་མི་གསུང་བར་འདུག་པའི་ཚེ། ནཱ་རོ་པས་གཉིད་དང་ཁ་ཟས་སྤངས་ཏེ་གསོལ་བ་རྩེ་གཅིག་ཏུ་བཏབ་བོ། །དེ་རྣམས་ཀྱི་བར་དུ་ནཱ་རོ་པས་དཀའ་ཆེན་བཅུ་གཉིས་སྤྱད་པའི་སྒོ་ནས་རྟེན་འབྲེལ་ཡན་ལག་བཅུ་གཉིས་འགགས་པར་མཛད་ཅིང༌། བདེན་དོན་རྣམ་པ་བཅུ་གཉིས་མངོན་དུ་མཛད་པ་ཡིན་ནོ། །ཞེས་གྲགས་སོ། །དེ་ནས་ནཱ་རོ་པས་རྩེ་གཅིག་ཏུ་གསོལ་བ་བཏབ་ཅིང་མོས་གུས་བྱས་པས། ཏིལླི་པའི་ཞལ་ནས། བུ་ཁྱོད་ཀྱི་ཚ་གྲང་གི་སྡུག་བསྔལ་ལ་མ་བསམ་པར་ཡུན་རིང་དུ་དཀའ་བ་སྤྱད་པས། འདོད་པའི་མཆོག་སྨོས་ལ་མཎྜལ་ཕུལ་ཅིག་གསུངས་པས། དེར་ཆུ་བཙལ་ཡང་མ་རྙེད་པར་ལུས་ཀྱི་རྩ་ཆེན་བརྟོལ་བའི་ཁྲག་གིས་ཆག་ཆག་དང༌། སྙན་མཆོག་བཅད་པའི་ཚོམ་བུ་བཀོད་དེ་མཎྜལ་ཕུལ་ནས། ཡང་དག་པའི་ལམ་གྱི་གདམས་ངག་ཞུས་པའི་ཚེ། ཕྱག་ཤིང་ངམ་ཞབས་ལྷམ་གྱིས་ནཱ་རོ་པའི་གདོང་ལ་བརྒྱབ་པས་བརྒྱལ་ནས་སངས་པའི་ཚེ། ལྷན་ཅིག་སྐྱེས་པའི་ཡེ་ཤེས་ངོ་འཕྲོད་དོ། །དེ་ནས་ལྷོ་ཕྱོགས་ཤྲཱི་པར་པ་ཏ་ཨ་ཁང་ཀ་རའི་ཡུལ་རི་བོ་བྱ་རྐང་ཅན་དུ། ནཱ་རོ་པ་ལ་སོགས་པའི་སློབ་མ་སྐལ་བ་དང་ལྡན་པ་འགའ་ཞིག་ལ་དཔལ་གསང་བ་འདུས་པའི་དཀྱིལ་འཁོར་དུ་དབང་བསྐུར་ཞིང་གདམས་པ་མ་ལུས་པ་རྫོགས་པར་གནང་བའི་རྗེས་སུ་མགུར་གསུངས་པ། ཀྱེ་ཧོ། འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་ཡུལ་མིན། །ཏིལླི་ང་ཡིས་ཅི་ཡང་བསྟན་དུ་མེད། །རང་རིག་ཉིད་ལ་མཚོན་ཏེ་ཤེས་པར་བྱོས། །ཞེས་གསུངས་ཤིང་དམ་ཚིག་ཕོག་པ་ནི། ཁྱོད་པཎྜི་ཏའི་ས་མ་འཛིན་པར་སྒྲུབ་པ་གཙོ་བོར་གྱིས་ཤིག །དེ་ལྟ་ན་མཆོག་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་པར་འགྱུར་རོ། །ཞེས་དམ་ཚིག་ཕོག་ནས་མི་སྣང་བར་གྱུར་ཏོ། །དེ་ནས་ནཱ་རོ་པས་མེ་ཏོག་མདངས་འཕྲོག་ཞེས་བྱ་བའི་ལྷ་ཁང་དང་ཉེ་བའི་གྲོང་ཁྱེར་ཞིག་ན། རྒན་མོ་གཅིག་ལ་སྦྱིན་བདག་བཅོལ་ནས་སྒྲུབ་པ་མཛད་པའི་ཚེ་མུ་སྟེགས་གཅེར་བུ་པ་རྣམས་ལྷགས་ཏེ། པཎྜི་ཏ་རྣམས་དང་རྩོད་པ་བྱས་པས། གཅེར་བུ་པ་རྣམས་རྒྱལ་བར་གྱུར་ཏེ། སངས་རྒྱས་ཀྱི་བསྟན་པ་འཇིག་ཏུ་ཉེ་བ་ན། རྒྱལ་པོས་པཎྜི་ཏ་རྣམས་ལ་རྩོད་པའི་མེ་ཏོག་བྲིམས་ཀྱང་ལེན་པར་མ་ནུས་ནས། རྒྱལ་པོས་སྨྲས་པ། ཁྱེད་རང་རྣམས་གྲོས་གྱིས་ལ་རྩོད་པ་མི་ནུས་ན་གཙུག་ལག་ཁང་གཅེར་བུ་པ་རྣམས་ལ་ཕུལ་ཞེས་དྲིལ་བསྒྲགས་པས། པཎྜི་ཏ་རྣམས་མྱ་ངན་གྱི་ཟུག་རྔུ་དང་ལྡན་པར་གྱུར་པ་ལ། རྒན་མོས་སྨྲས་པ། ཁོ་མོའི་ཁྱིམ་ན་ནཱ་རོ་ཏི་ཏི་བཞུགས། རྩོད་པ་ཕམ་ན་ཁོང་ལ་སྦྲོན་པར་རིགས། །ཞེས་ཟེར་བས། པཎྜི་ཏ་རྣམས་ཡིད་དགའ་བར་གྱུར་ཏེ། དེར་བྱོན་ནས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ། ཐུབ་པའི་བསྟན་པ་འཇིག་ཏུ་ཉེ་བའི་ཚེ། །སྨྲ་བའི་དབང་ཕྱུག་ཁྱོད་འདྲས་མི་བཟློག་ན། །བདག་ཅག་རྣམས་ཀྱི་སྐྱབས་སུ་སུ་ཞིག་འགྱུར། །ཞེས་ཞུས་པས། སྔར་གྱི་བླ་མའི་བཀའ་སྩལ་བསྙེལ་ཏེ་རྩོད་པར་ཞལ་གྱིས་བཞེས་སོ། །དེ་ཕྱིར་རྒོལ་བའི་དཔང་པོ་གསུམ་གྱི་ཁྲི་བཤམས་ཏེ། རྩོད་པས་ནཱ་རོ་པ་ཅུང་ཟད་ཞན་ཞན་འདྲ་བ་ལ། ཐུགས་དགོངས་བཏང་བས། སྔར་གྱི་བླ་མའི་བཀའ་བཅག་པ་དྲན་ནས། ཡིད་ཀྱིས་བཤགས་པ་བྱས་ཤིང་གསོལ་བ་དྲག་ཏུ་བཏབ་པས། རྣལ་འབྱོར་གྱི་དབང་ཕྱུག་ཏིལླི་པ་མི་ཐོད་རློན་པ་བྲེགས་མ་ཐག་གཅིག་ཁྱེར་ནས། ནམ་མཁའ་ལ་བྱོན་པ་ནཱ་རོ་པས་གཟིགས་ནས་གུས་པས་ཕྱག་ཡང་ཡང་བཙལ་ལོ། །དེའི་ཚེ་གཅེར་བུ་པ་རྣམས་ན་རེ། སྲིན་བུའི་གཟུགས་ཅན་སངས་རྒྱས་པ་རྣམས་ཕམ་མོ་ཟེར་བ་ལ། ཏིལླི་པས་ཕམ་ཕམ་ཞེས་གསུངས་ཤིང་སྡིགས་མཛུབ་མཛད་པས། ཁོའི་གཙུག་ལག་ཁང་རྣམས་ཞིག་པས་ཁོང་རྣམས་རབ་ཏུ་སྐྲག་ནས་སློབ་དཔོན་གྱི་ཞབས་ལ་ཕྱག་འཚལ་ཞིང༌། གཅེར་བུ་པ་ཐམས་ཅད་སངས་རྒྱས་ཀྱི་བསྟན་པ་ལ་བཙུད་དོ། །དེ་ནས་ཏིལླི་པའི་ཞལ་ནས། ནཱ་རོ་པ་ཁྱོད་ལ་ཚེ་འདིར་མཆོག་གི་དངོས་གྲུབ་མེད་པས་བཤད་སྒྲུབ་ཀྱི་བསྟན་པ་ལ་ཕན་པར་གྱིས་ཤིག །ཁྱོད་ཀྱི་སློབ་མ་ལས་ཀྱང་ཡང་སློབ་ཇེ་བཟང་འགྲོ་སྟེ། འགྲོ་བ་ལ་ཕན་པ་ཆེན་པོ་འབྱུང་ཞིང༌། ཁྱོད་སྲིད་པ་བར་དོར་མཆོག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་ལུང་བསྟན་ནས་མི་སྣང་བར་འགྱུར་ཏོ། །དེ་ནས་ནཱ་རོ་པས་བཀའ་བཞིན་སྒྲུབ་ནས་བསྟན་པ་ལ་ཕན་པར་མཛད། ཕྱིས་ཐུགས་དམ་འཁྲུངས་ནས་འདྲིས་མེད་ཀྱི་ཡུལ་དུ་ཐོད་པ་ཐོགས་ནས་གླང་རྫི་ལ། བཱེ་དུ་བཱེ་དུ་ཞེས་བརྗོད་པས། ཁྱོད་འཇུ་ན་འདི་ཟོ་ཟེར་ནས་ཆུ་གྲི་ཕུལ་བ་བཞུ་ནས་གསོལ་བས་ཡ་མཚན་སྐྱེས་ཏེ། རྒྱལ་པོ་ལ་བསྙད་པའི་ཚེ། བསླུ་མཁན་ཡིན་ནོ་ཞེས་ཆད་པའི་གསོད་ལས་བྱེད་དུ་བྱུང་བ་ལ། དཔུང་གི་ཚོགས་རེངས་པར་མཛད་དེ་འཁོར་དང་བཅས་པ་རྗེས་སུ་བཟུང་ངོ༌། །ཡང་དུས་རེ་ཞིག་ན། ཁ་ཆེའི་ཡུལ་དུ་གླང་པོ་ཆེ་ལ་གྲོང་འཇུག་མཛད་དེ་རྒྱང་གྲགས་སུ་བསྐྱལ་ནས། གྲོང་མི་རྣམས་དབུགས་དབྱུང་བར་མཛད་དོ། །དེ་ནས་ཚོགས་འཁོར་གྱི་ཚེ། མན་དྷ་ན་དང་ཤིང་ཐོག་དགུག་པ་དང༌། སྦྱིན་བསྲེགས་ཀྱི་ཐབ་ཏུ་ཡིད་དམ་ལྷའི་ཞལ་བལྟ་བ་དང༌། མངོན་ཤེས་ལྔ་དང་ལྡན་ཞིང་ཚེ་གཅིག་གི་དངོས་གྲུབ་བརྙེས་ཤིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་དེ་མཁའ་སྤྱོད་དུ་གཤེགས་སོ། །དེ་ནས་རེ་ཞིག་ལོན་ནས་རྗེ་མར་པ་རྒྱ་གར་དུ་ཕྱི་མ་ལ་བྱོན་པའི་ཚེ། སླར་ཡང་སྐུ་དངོས་སུ་མི་ཀུན་གྱི་མཐོང་བར་ཟླ་ཤས་བཞུགས་ཤིང་ཆོས་གསུངས་པ་སོགས་རིམ་པས་འོག་ཏུ་གསལ་ལ་སླར་ཡང་མཁའ་སྤྱོད་དུ་གཤེགས་སོ། །དེ་ལྟར་རྒྱ་གར་གྱི་གྲུབ་ཆེན་བཀའ་བརྒྱུད་འདི་ལ་བཀའ་དྲིན་ཆེ་བ་རྣམས་ཀྱི་རྣམ་ཐར་ཟུར་ཙམ་མོ།།