བོད་ཀྱི་གསོ་རིག་ལོ་རྒྱུས་སྤྱི་ཆིངས་གནད་བསྡུས་ཚིགས་སུ་བཅད་པ་

བློ་གསར་བདེ་བའི་འཇུག་ངོགས།

 

༈ མཚན་དཔེ་ནམ་མཁའི་མདངས་དང་ལྡན། །ཕྱག་ཟུང་སྨན་མཆོག་ལྷུང་བཟེད་བསྣམས། །ཉེས་ཀུན་དྲི་མ་འཇོམས་མཛད་མཁན། །བདེ་གཤེགས་སྨན་གྱི་བླ་མ་འདུད།། ༈ རྒྱལ་ཀུན་ཡེ་ཤེས་རྩེད་འཇོ་ལས། །གངས་ལྗོངས་གསོ་རིག་ཉིན་བྱེད་དབང༌། །གཡུ་ཐོག་གསར་རྙིང་མཁས་པའི་མགོན། །དུས་ཀུན་བརྩེ་བས་རྗེས་འཛིན་མཛོད། 

 

༈ བརྒྱུད་འཛིན་མཁས་གྲུབ་བྱེ་བ་ལས། །ཕུལ་བྱུང་བྱང་ཟུར་འབྲི་གསུམ་པོ། །གསོ་རིག་ཤིང་རྟའི་མཚན་གྱིས་མཛེས། །རྗེས་འཛིན་བདག་སོགས་བྱིན་གྱིས་རློབས།། ༈ གངས་ལྗོངས་བཅུ་ཕྲག་སྙིང་ནོར་ལས། །མི་ཡི་ཚེ་སྲོག་དང་འབྲེལ་བའི། །ཐུན་མིན་གསོ་རིག་ལོ་རྒྱུས་ལས། །སྤྱི་ཆིངས་ཚུལ་དུ་ཅུང་ཟད་བྲི། 

 

༈ འཛམ་གླིང་ཡངས་རྩེར་ཡུལ་གྲུ་ཆེ། །ཆེན་པོ་བོད་ཀྱི་རྒྱལ་ཁམས་ཞེས། །ཆོས་སྲིད་ལོ་རྒྱུས་མངའ་ཐང་སོགས། །གོ་ལའི་ཐོད་ནས་མངོན་པར་ལྷམ། །རྐང་གཉིས་འགྲོ་བ་བྱུང་ནས་བཟུང༌། །ལྷན་སྐྱེས་ཡ་རབས་བྱང་སེམས་སོགས། །ཐུན་མིན་ཁྱད་ཆོས་འབུར་ཐོན་པའི། །གངས་ཅན་བོད་པ་ཞེས་སུ་བརྗོད། 

 

དེ་ཡང་གནའ་དེང་མཁས་པ་དང༌། །གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས། །བོད་ཀྱི་མི་རིགས་བྱུང་ནས་བཟུང༌། །མི་ལོ་ཁྲི་ཁྲག་འདས་ཡོད་པས། །དཔང་རྟགས་ར་སྤྲོད་སྟོན་པའི་ཞོར། །བསྔགས་བརྗོད་གནང་ཞིང་ད་དུང་ཡང༌། །འཛམ་གླིང་མི་རིགས་བྱུང་ཚུལ་ཐད། །སྔ་ཤོས་གྲས་སུ་ཡིན་པར་འདོད། 

 

ཡ་ཐོག་བོད་ཀྱི་སྨན་དཔྱད་གཞུང༌། །བོད་མིས་ནད་རིགས་འཐབ་རྩོད་ཞོར། །རང་ཡུལ་ཐོན་པའི་སྐྱེས་དངོས་དང༌། །གཏེར་རྫས་སྲོག་ཆགས་དངོས་ཀུན་ལ། །བརྟེན་ནས་ནད་ཀྱི་ཆོས་ཉིད་དང༌། །བཅོས་ཐབས་ངོས་འཛིན་ཤེས་རྟོགས་ཀྱིས། །སྲོལ་གཏོད་བྱ་བཞག་རྨད་བྱུང་སོགས། །ཕྱི་རབས་པ་ཡི་གསོས་སུ་གྱུར། 

 

རྩ་ཆེའི་སྨད་དཔྱད་རིག་གཞུང་འདི། །ཕུན་སུམ་ཚོགས་པའི་ཡར་རྒྱས་ཀྱིས། །མི་རིགས་རང་གི་སྙིང་ནོར་དང༌། །ཚེ་སྲོག་ལྟ་བུའི་ཁྱད་ཆོས་ལྡན། །འཛམ་གླིང་ཤར་ནུབ་སྐྱེ་འགྲོ་ཡོངས། །ཕན་པའི་དཔྱིད་དཔལ་བཞད་དང་ལྷན། །བོད་མིའི་མཚོན་བྱེད་སྟོན་པ་ན། །རྨ་མེད་རིག་གཞུང་དག་གཙང་ཞིག །

 

དེ་ཡང་ཐོག་མར་བོད་ཡུལ་འདིར། །རྒྱལ་ཁབ་ཁག་དང་མི་རིགས་དབར། །ཕན་ཚུན་འགྲོ་འོང་ཆེས་ཉུང་ཞིང༌། །བོད་ཡོངས་གཅིག་གྱུར་མི་རྗེ་མཆོག །གཉའ་ཁྲི་བཙན་པོའི་དུས་སྐབས་སུ། །སྨད་དཔྱད་ཡོད་པའི་རྗེས་དཔག་ན། །བཙན་པོ་སྲིད་ཁྲིར་མངའ་གསོལ་དུས། །ཆབ་འབངས་རྒྱལ་སྲིད་གནོད་པ་ལ། 

 

དོགས་པ་རྣམ་པ་དྲུག་ཏུ་བཏོན། །དེ་དག་སེལ་ཐབས་ཨེ་ཡོད་ཅེས། །རྒྱལ་པོས་དྲི་བར་མཛད་ཙ་ན། །བོན་ཤེས་ཅན་གྱི་མཚན་འཆང་བ། །རྩིབས་ལྷ་སྐར་མ་ཡོལ་ལྡེ་ཡིས། །དྲིས་ལན་རེ་བཞིན་བཏབ་པའི་ནང༌། །དུག་ལ་ཕན་པའི་སྨན་ཡོད་ཅེས། །རྒྱལ་པོའི་དོགས་པ་སེལ་བར་བྱས། 

 

འདི་ཡི་མཐའ་སྡོམ་དཔྱད་པ་ན། །དེའི་སྔོན་བསིལ་ལྡན་བོད་ཡུལ་དུ། །སྨན་དཔྱད་ལ་སོགས་རིག་པའི་གཞུང༌། །ཡོད་པར་གསལ་སྟོན་ཅིས་མི་བཞེད། །གཞན་ཡང་ཕན་ཤེས་སྨན་འཛིན་དང༌། །སྐོར་ཤེས་རྩིས་པ་སོགས་ཡོད་པར། །ལོ་རྒྱུས་ཡིག་རིགས་མང་པོ་ལས། །ཡང་དག་གསལ་བས་དཔང་པོ་བྱེད། 

 

དེ་ནས་བཟུང་སྟེ་ཁ་བའི་ཞིང༌། །མེས་པོ་མཁས་མཛངས་ཅན་རྣམས་ཀྱིས། །ནད་བཅོས་ནད་འགོག་འབད་བརྩོན་གྱིས། །བོད་ཡུལ་གསོ་དཔྱད་སྒྲོན་མེ་སྤར། །ཡབ་མེས་སྙིང་སྟོབས་ཅན་རྣམས་ཀྱིས། །བཤུལ་ལམ་རིང་མོ་འཚོལ་བ་ན། །སྨན་དཔྱད་ལག་ལེན་ཡི་གེ་རུ། །འཁོད་ནས་མི་ལོ་ཉིས་སྟོང་དང༌། །ཆིག་བརྒྱ་སོ་བཞི་སོང་བར་མངོན། 

 

ཞེས་བོད་ཀྱི་གསོ་རིག་ལོ་རྒྱུས་སྤྱི་ཆིངས་གནད་བསྡུས་ཚིགས་སུ་བཅད་པ་ལས་བོད་ཀྱི་སྨན་དཔྱད་རིག་པ་ཐོག་མར་བྱུང་ཚུལ་གྱི་སྐབས་ཏེ་དང་པོའོ།།

 

༈ སྤུ་རྒྱལ་གདུང་རབས་ཉེར་བརྒྱད་པ། །ཐོ་ཐོ་གཉན་བཙན་སྐུ་དུས་སུ། །དེ་སྔོན་སྨན་དཔྱད་ལག་ལེན་རྣམས། །མ་ཉམས་དར་རྒྱས་འགྲོ་བའི་སྟེང༌། །འཕགས་ཡུལ་འཚོ་བྱེད་བི་ལྷ་དང༌། །བི་ཇི་ཟུང་གཉིས་བོད་དུ་ཕེབས། །སྨན་དཔྱད་ལག་ལེན་མང་བསྩལ་ནས། །མཁས་སྙན་འབར་བའི་ནམ་ཞིག་ན། 

 

རྒྱལ་པོ་མཆོག་ཀྱང་གསན་གནང་ནས། །ཤིན་ཏུ་ཐུགས་དགྱེས་ཆེ་བ་ཡིས། །དགའ་བསུའི་གཟེངས་སུ་བསྟོད་པ་དང༌། །བྱ་དགའི་ལོངས་སྤྱོད་ཚིམས་པར་བརྫངས། །ཕྱི་ཕྱོགས་སྨན་དཔྱད་ལག་ལེན་དང༌། །བོད་ལུགས་གསོ་དཔྱད་ཟུང་འབྲེལ་ཐོག །ནད་བཅོས་ལག་ལེན་མང་གནང་སྟེ། །ཕྱི་ཡུལ་འབྲེལ་བའི་སྒོ་མོ་ཕྱེས། 

 

སྨན་པ་དུང་གི་ཐོར་ཅོག་གཙོས། །འཚོ་བྱེད་ཁག་གཅིག་གསོ་སྐྱོང་གནང༌། །གསོ་དཔྱད་རིག་པ་གོང་མཐོར་བཏང༌། །རྒྱ་རབས་གསེར་གྱི་ཕྲེང་བའི་ནང༌། །འདི་དུས་ཁ་བའི་ཞིང་མཆོག་ཏུ། །དམ་པ་ཆོས་ཀྱི་དབུ་བརྙེས་ཤིང༌། །དགེ་མཚན་འགྲོ་བའི་དབུགས་དབྱུང་དངོས། །གངས་ལྗོངས་བདེ་སྐྱིད་ཞིང་སར་བསྐྲུན།