༧སྐྱབས་མགོན་ཉི་ཟླ་ཟུང་ལ་བཅོས་མིན་དང་བའི་དད་གསོལ། 

ཆོས་དབྱིངས་མ་བཅོས་ཀ་དག་གཉུག་མ་ཡི་ཀློང་ན། །
རང་བྱུང་ལྷུན་གྲུབ་རང་ཤར་ཡེ་ཤེས་ཀྱི་རང་རྩལ། ། 
གང་འདུལ་ཐུགས་རྗེ་ཐབས་མཆོག་རྩོལ་མེད་དུ་འཆར་བའི།། 
སྐུ་གསུམ་འདུ་འབྲལ་མེད་པའི་ཉི་ཟླ་ཟུང་མཁྱེན་ནོ། ། 

གདོད་ནས་དག་པ་གཉིས་ལྡན་རྒྱལ་ས་རུ་གཤེགས་ཀྱང་། ། 
མ་དག་སྙིགས་འགྲོར་བརྩེ་ཆེན་ཡེ་ཤེས་ཀྱིས་གཟིགས་ཏེ། ། 
ཁམས་གསུམ་གདུལ་བྱའི་སྣང་ངོར་གཟུགས་སྐུ་རུ་བཞེངས་པའི། ། 
མ་བཅོལ་བཀའ་དྲིན་འགྲན་བྲལ་ཉི་ཟླ་ཟུང་མཁྱེན་ནོ། ། 

བཟོ་གསོ་སྒྲ་ཚད་ལ་སོགས་ཐུན་མོང་གི་རིག་གནས། ། 
ཐུན་མིན་སྡེ་སྣོད་རྒྱུད་སྡེ་རྒྱ་མཚོ་ཡི་དགོང་དོན། ། 
མཐའ་དྲུག་ཚུལ་བཞིས་བཅིངས་པའི་ཟབ་གནད་ཀུན་བཀྲལ་མཛད།། 
མཁྱེན་གཉིས་སྤྱན་ཡངས་ལྡན་པའི་ཉི་ཟླ་ཟུང་མཁྱེན་ནོ། །

སོ་བྱང་སྔགས་ཀྱི་དམ་ཚིག་བསྲུང་མཚམས་ལ་གཅེས་ཏེ། ། 
ཕྲ་བའི་ཕྲ་བ་ཙམ་གྱི་ཉེས་ལྟུང་གིས་མ་གོས། ། 
ཕྱོགས་བཅུའི་རྒྱལ་བ་དགྱེས་པའི་སྤྱོད་བཟང་ལ་གནས་པ། ། 
ཕྱིན་དྲུག་བསྡུ་དངོས་བཞི་ལྡན་ཉི་ཟླ་ཟུང་མཁྱེན་ནོ། །

སྣང་སྟོང་གྲགས་སྟོང་རིག་སྟོང་ཟུང་འཇུག་གི་གཤིས་བབས། ། 
འཁོར་གསུམ་ཡོངས་གྲོལ་ཆེན་པོའི་ཏིང་འཛིན་གྱི་གཟི་ཡིས། ། 
གཉིས་སྣང་འཁྲུལ་བའི་བདུད་བཞི་ལྷག་མེད་དུ་བཅོམ་པར། ། 
སྟོབས་རྩལ་ནུས་པའི་བདག་ཉིད་ཉི་ཟླ་ཟུང་མཁྱེན་ནོ། །

བདེ་སྟོང་ཟུང་འཇུག་རྡོ་རྗེ་འཆང་ཆེན་དང་དབྱེར་མེད། ། 
འབྲི་བསྟན་མངའ་བདག་༧སྐྱབས་མཆོག་ཉི་མ་དང་ཟླ་བར།། 
མཉམ་ཉིད་ཆོས་སྐུར་བལྟ་བའི་གདུང་ཤུགས་ཀྱིས་འབོད་ཀྱེ། ། 
དོན་བརྒྱུད་རྟོགས་པའི་བྱིན་རླབས་འགག་མེད་དུ་སྩོལ་མཛོད། ། 

རྒྱལ་བསྟན་སྤྱི་དང་བྱེ་བྲག་འབྲི་གུང་པའི་ལྟ་གྲུབ། ། 
ཚད་མ་བཞི་ལྡན་རྟེན་འབྱུང་ཟབ་མོ་ཡི་གནད་སྨིན། ། 
སྡོམ་གསུམ་འགལ་མེད་ཕྱག་ཚུལ་གནད་གཅིག་དུ་བགྲོད་སོགས།། 
ཁྱད་འཕགས་ལམ་སྲོལ་མི་ཉམས་སྲིད་རྩེ་རུ་བསྒྲེང་ཕྱིར།།

ལྷ་ལས་བབས་དང་ཆོས་འཁོར་དུས་ཆེན་ལ་བལྟམས་པའི། ། 
༧སྐྱབས་མཆོག་ཉི་ཟླ་ཟུང་གི་སྐུ་བསོད་དང་མཛད་འཕྲིན།། 
ཡར་ཚེས་ཟླ་ལྟར་གསལ་རྒྱས་རྫོགས་པ་ལས་གཞན་དུ།།
།མི་འགྱུར་རྡོ་རྗེའི་གཤིས་སུ་འགྲུབ་པ་ཉིད་སྨོན་ནོ།། 

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་ཆེ་ཚང་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་དཔལ་བཟང་པོ་མཆོག་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་སྐར་རྟེན་འབྲེལ་ཞུ་ཕྱིར། འབྲོང་གྲྭ་དཀོན་མཆོག་ནམ་མཁས་བོད་རྒྱལ་ལོ་ ༢༡༤༢ བོད་ཟླ་ ༦ ཚེས་ ༡ ཉིན་ཕུལ།

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།