༼ སེམས་ཁོང་གི་བླ་མ་༽ 



༡༽འབྱུང་བཞིའི་བར་ཆད་ཕྱོགས་ཀུན་ལྡང་ཚེ་རྟག་བརྟན་ཐོག་གིས་འགྲོ་བ་སྲུང་།།
འཆི་བདག་དགྲ་ཡིས་ལུས་སྲོག་རྒོལ་ཚེ་འཕོ་བ་ཟབ་མོས་བདེ་བར་འདྲེན།།
ཉོན་མོངས་སྨག་གིས་བགྲོད་ལམ་བཀག་ཚེ་ཤེས་རབ་འོད་ཀྱིས་སྣང་བ་སྤྲོ།
རྟོལ་མེད་སེམས་ཅན་འདྲེན་པའི་མ་ཞིག་བདག་གི་བླ་མར་ལུས་ཀྱིས་བཀུར།།

༢༽རྟ་བདུན་དབང་པོའི་་བས་གདུངས་ཚེ་གདམས་ངག་བསིལ་མོས་ཞི་བར་བྱེད།།
དགུན་རླུང་དྲང་མོས་ལུས་གཞི་འཁུམས་ཚེ་སྙིང་སྟོབས་དྲོད་མོས་གྱེན་དུ་འདེགས།།
བཀྲེས་སྐོམ་མུ་གེས་འཆི་ལ་ཁད་ཚེ་བཅུད་བརྒྱའི་ཟས་ཀྱིས་སྨིན་པར་བྱས།།
ཉམ་ཐག་སེམས་ཅན་སྐྱོབ་པའི་གྲོགས་ཤིག་བདག་གི་བླ་མ་ངག་ཏུ་ཞུགས།།

༣༽ཀླ་ཀློའི་དམག་ཚོགས་དྲག་པོ་ལང་ཚེ་འཆད་པ་ཞི་མོས་དགེ་བར་འགོད།།
རྟོག་ངན་དཔུང་གིས་བསྟན་ལ་འཚེ་ཚེ་རྩོད་ཚིག་རྣོ་མོས་བསྐྱེངས་པ་སྟེར།།
རྨོངས་པའི་ཚོགས་ཀྱིས་ཤེས་བྱར་སྒྲིབ་ཚེ་རྩོམ་པ་བཟང་མོས་ལྟ་བྱེད་སྐྲུན།།
མཁས་པའི་ཚུལ་བཞིན་སྐྱོད་པའི་མགོན་ཞིག་བདག་གི་བླ་མ་ཡིད་ལ་འཛིན།།

༤༽རྒྱ་དམག་དྲག་པོས་འཇིགས་པ་ཆེ་ཡང་གདམས་ངག་ཟབ་མོར་ཐོས་པ་བཟང་།།
ཚན་རིག་འཕྲུལ་གྱི་དབྱར་མཚོ་རྒྱས་ཀྱང་སྟོན་པའི་དམ་ཆོས་བསམ་ལ་མཁས།།
སྙིགས་དུས་གེགས་ཀྱིས་ཕྱོགས་བཅུ་གཡོ་ཡང་མི་འགྱུར་ཏིང་འཛིན་སྒོམ་པ་བརྟན།།
མཐའ་ཁོབ་གླིང་འདིའི་ཆོས་པའི་དཔེ་ཞིག་བདག་གི་བླ་མ་འབྲལ་མི་ཕོད།།

༥༽བླུན་རྨོངས་མཁས་རློམ་སྐར་ཚོགས་ཁྲོད་ཀྱང་ཞི་བར་རོལ་བའི་མཁས་པ་ཞིག །
དུག་གསུམ་ལས་ངན་ཕྱོགས་བཅུར་ཁོལ་ཡང་འདུལ་ཁྲིམས་སྤྱོད་པའི་བཙུན་པ་ཞིག །
སྲིད་ཇུས་ངན་པས་ཕྱི་ནང་དཀྲུགས་ཀྱང་བདེན་པའི་དཔང་པོ་བཟང་པོ་ཞིག །
སྨག་རུམ་ཡོད་དགུ་བསལ་བའི་འོད་ཅིག་བདག་གི་བླ་མ་བརྗེད་མི་ཕོད།།

༦༽འདོད་ཆགས་བརྒྱ་ཡི་རྨོངས་པས་བསྒྲིབས་ཀྱང་མི་སྡུག་སྟོང་གི་འོད་སྣང་བྱིན།།
ཞེ་སྡང་སྟོང་གི་མེ་དཔུང་རྒྱས་ཀྱང་བརྩེ་བ་འབུམ་གྱི་གཟེགས་མ་འཕྱོ།།
ལོག་སྨྲ་འབུམ་གྱི་ཡལ་འདབ་ཕྱེས་ཀྱང་ཤེས་རབ་བྱེ་བས་རྩ་བ་བཅད།།
སྲིད་པའི་ཁྱོན་འདིར་རྙེད་དཀའི་གཏེར་ཞིག་བདག་གི་བླ་མ་དཔོག་མི་ཕོད།།

༧༽ཉོན་མོངས་བདུད་མོ་དཔའ་ངར་ཆེ་ཡང་ཤེས་རབ་རལ་གྲིའི་སོ་ཁ་རྣོ།།
ཕྱི་གེགས་བར་ཆད་གཏུམ་དྲག་ཆེ་ཡང་བཟོད་སྲན་རྡོ་རྗེའི་གོ་ཁྲབ་སྲ།།
བཅུ་ཕྲག་རིག་པ་འདབ་རྒྱ་ཆེ་ཡང་ཡེ་ཤེས་མེ་ལོང་འོད་སྣང་གསལ།།
རིས་མེད་འགྲོ་བ་སྐྱོང་བའི་ལྷ་ཞིག་བདག་གི་བླ་མ་བསྐལ་བརྒྱར་བཞུགས།། 

སྒྲུབ་བརྒྱུད་བསྟན་པའི་མངའ་བདག་འབྲི་གུང་༧སྐྱབས་མགོན་རྡོ་རྗེ་འཆང་ཆེན་པོ་མཆོག་སྐུའི་དགུང་གྲངས་བདུན་ཅུར་ཕེབས་པའི་འཁྲུངས་ལྷ་ཡར་བསྭོའི་སྐབས་མི་ཕྱེད་པའི་དད་པ་ལྡན་པའི་སློབ་གཉེར་བ་སྒྲ་སྒྱུར་བློ་བཟང་གིས། །

བསམ་ཚུལ་སྤེལ།


Security code
གསར་འདོན་བྱ།